ཨ་རིས་འགོ་ཁྲིད་པའི་དྲག་རྒོལ་ཁྲོད་མི་མང་དཀྱུས་མ་༣༥༠ ལས་མང་བ་བསད་འདུག

ཨ་རིས་འགོ་ཁྲིད་པའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཚོས། ཨི་རག་དང་སི་རི་ཡའི་ནང་དུ་ཡོད་པའི་ཁ་ཆེ་དྲག་སྤྱོད་ཚོགས་པ་ཨེ་སི་སིར་གནམ་ཐོག་ནས་དྲག་རྒོལ་བྱས་ཏེ་ད་བར་མི་མང་དཀྱུས་མ་ཉུང་མཐར་༣༥༢ ལྷག་བསད་ཡོད་སྐོར་ཨ་རིའི་དམག་གི་སྒྲིག་འཛུགས་ཀྱིས་བརྗོད་འདུག

ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༤ ལོ་ནས་འགོ་བཙུགས་ཏེ་ཨ་རིས་འགོ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས། སི་རི་ཡ་དང་ཨི་རག་ནང་དུ་རྟེན་གཞི་བྱས་པའི་ཁ་ཆེ་དྲག་སྤྱོད་ཚོགས་པ་ཨེ་སི་སིར་གནམ་ཐོག་ནས་དྲག་རྒོལ་བྱེད་འགོ་བཙུགས་ཡོད་པ་དང་། ཨ་རིའི་དམག་གི་སྒྲིག་འཛུགས་ཀྱིས་ད་བར་དྲག་རྒོལ་དེ་དག་ཁྲོད་ཉེས་མེད་ཀྱི་མི་སེར་དཀྱུས་མ་ཉུང་མཐུར་༣༥༢ བསད་ཡོད་སྐོར་དང་། ད་ལྟའི་ཆར་མི་མང་དཀྱུས་མ་༤༢ བསད་པའི་གནས་ཚུལ་ཞིག་ལ་དཔྱད་ཞིབ་བྱེད་བཞིན་ཡོད་སྐོར་གྱི་སྙན་ཐོ་ཞིག་ཟླ་༤ པའི་ཚེས་༣༠ ཉིན་འགྲེམས་སྤེལ་བྱས་ཡོད་འདུག

དེ་བཞིན་སྙན་ཐོ་དེའི་ནང་ཕྱི་ལོ་༢༠༡༦ ལོའི་ཟླ་༡༡ ནས་ཕྱི་ལོ་༢༠༡༧ ལོའི་ཟླ་༣ པ་བར་མི་མང་དཀྱུས་མ་༤༥ བསད་ཡོད་སྐོར་འཁོད་ཡོད་འདུག

འོན་ཀྱང་དྲག་རྒོལ་དེའི་ཁྲོད་མི་མང་དཀྱུས་མའི་ཚེ་སྲོག་ཤོར་བའི་ཁ་གྲངས་ལ་རྟོག་ཞིབ་བྱེད་མཁན་ཚོགས་པ་གནམ་དམག་ཅེས་པ་དེས། ཨ་རིས་འགོ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་གནམ་ཐོག་དྲག་རྒོལ་ལས། མི་མང་དཀྱུས་མ་༣༠༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་འདུག

ཨ་རིའི་དམག་གི་སྒྲིག་འཛུགས་ཀྱི་དབུས་ལས་ཁང་པེན་ཊ་གྷོན་གྱིས་བསྒྲགས་གཏམ་ཞིག་ནང་། “ཆེད་དུ་མ་མངགས་པའི་ཐོག་ནས་མི་མང་དཀྱུས་མའི་ཚེ་སྲོག་ཤོར་བར་ང་ཚོར་འགྱོད་སྣང་ཡོད། ཤི་བོའི་ནང་མི་དང་དྲག་རྒོལ་དེ་རིགས་ཀྱིས་གནོད་རྐྱེན་བྱུང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།”ཅེས་འཁོད་ཡོད་འདུག །གསར་འགོད་པ་སྐལ་བཟང་དོན་གྲུབ།