ཨ་རིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རོགས་དངུལ་གཏོང་མཚམས་འཇོག་རྒྱུའི་བསམ་བློ་གཏོང་བཞིན་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO)ལ་རོགས་དངུལ་གཏོང་མཚམས་འཇོག་རྒྱུའི་འཆར་གཞི་འདིངས་བཞིན་ཡོད་ཚུལ་གསུངས་འདུག
དེ་ཡང་ཨ་རིའི་ཕྱི་ཚེས་ ༧ རེས་གཟའ་མིག་དམར་ཉིན་ཕོ་བྲང་དཀར་པོར་བསྡུས་པའི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ལ། སྲིད་འཛིན་ཁོང་ཊོམ་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་“རྒྱ་ནག་ལ་ཕྱོགས་”ཡོད་ཚུལ་གསུངས་པ་མ་ཟད། དེ་སྔོན་ཁོང་གིས་ནད་ཡམས་སྔོན་འགོག་ཆེད་དུ་རྒྱ་ནག་ནས་ཡོང་མཁན་རྣམས་བཀག་སྡོམ་བྱས་པར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་དགག་པ་བརྒྱབ་པ་དེར་སྐྱོན་བརྗོད་གནང་འདུག
སྲིད་འཛིན་ཁོང་གིས་“ང་ཚོས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཕྱོགས་སུ་བཏང་བའི་རོགས་དངུལ་དེ་མཚམས་འཇོག་གི་ཡིན། ང་ཚོས་ཧ་ཅང་མཚམས་ཆེན་པོ་ཞིག་འཇོག་རྒྱུ་ཡིན་ལ། དེ་ནས་ཅི་དགོས་བལྟ་རྒྱུ་ཡིན་”ཞེས་གསུངས་པ་མ་ཟད། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་དེས་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཚབས་སྔ་མོ་ནས་ཤེས་ཀྱང་། འཛམ་གླིང་ལ་དུས་ཐོག་ཏུ་མ་བཤད་པ་ཡིན་སྲིད་པའི་ཐད་ལ། “ཁོ་ཚོས་ཤེས་ཡོད་རྒྱུ་རེད། ཁོ་ཚོས་ཤེས་དགོས་ངེས་རེད། ཕལ་ཆེར་ཤེས་ཡོད་ངེས་རེད། དེར་བརྟེན་ང་ཚོས་དེ་ལ་གཟབ་ནན་གྱིས་བལྟ་རྒྱུ་ཡིན་”ཞེས་གསུངས་འདུག
གཞན་ཡང་གསར་འགོད་གསལ་བསྒྲགས་དེ་མ་འཚོགས་པའི་སྔོན་ལ། སྲིད་འཛིན་ཁོང་གིས་ཋོའུ་ཋར་དྲ་བའི་ཐོག་ཏུ་རྩོམ་ཐུང་ཞིག་སྤེལ་བའི་ནང་། “འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་དངོས་གནས་འཐུས་ཤོར་བཏང་བ་རེད། རྒྱུ་མཚན་ཅི་ཡིན་མི་ཤེས་ཀྱང་། རོགས་དངུལ་ཕལ་ཆེ་བ་་ཨ་རིས་བཏང་ན་ཡང་། རྒྱ་ནག་ལ་ཤིན་ཏུ་ཕྱོགས་པ་ཞིག་ཡིན། ང་ཚོས་དེའི་ཐོག་ལ་ཡག་པོ་ཞིག་བལྟ་རྒྱུ་ཡིན། སྟབས་ལེགས་པ་ཞིག་ལ། ངས་དང་པོ་ཉིད་ནས་རྒྱ་ནག་གི་རྒྱལ་མཚམས་སྒོ་རྒྱག་མི་དགོས་ཞེས་པའི་ཁོ་ཚོའི་བསླབ་བྱ་དེ་རྩིས་མེད་བཏང་བ་ཡིན། ཁོ་ཚོས་ཅིའི་ཕྱིར་འདི་ལྟ་བུའི་བསླབ་བྱ་ནོར་བ་ཞིག་བརྒྱབ་པ་ཡིན་ནམ་”ཞེས་བྲིས་ཏེ་ལྷན་ཚོགས་དེར་རོགས་དངུལ་གྱི་མཚམས་འཇོག་རྒྱུའི་རྣམ་པ་བསྟན་ཡོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གྲངས་ཐོར་གཞིགས་ན། ཨ་རིས་ལོ་སྔོན་མར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་བཏང་བའི་རོགས་དངུལ་དེ་ཨ་སྒོར་ས་ཡ་ ༤༠༠ བརྒལ་འདུག་པ་དང་། འདི་ལོར་ཨ་རིའི་གྲོས་ཚོགས་ནས་འཕྲོད་བསྟེན་ལྷན་ཚོགས་དེར་ཨ་སྒོར་ས་ཡ་ ༡༢༣ ཙམ་གྱི་རོགས་དངུལ་མཁོ་སྤྲོད་བྱས་ཡོད་འདུག
ན་ནིང་ལོ་སྨད་ལ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་ནས་ཏོག་དབྱིབས་ནད་ཡམས་ཐོག་མར་བྱུང་རྗེས། རྒྱ་ནག་སྲིད་གཞུང་ནས་ནད་ཡམས་དེའི་ཁྱབ་ཚད་དངཉེན་ཚབས། ནད་པ་དང་རྐྱེན་ལམ་དུ་ཕྱིན་པའི་ཁ་གྲངས་སོགས་ཀྱི་གལ་ཆེའི་གནས་ཚུལ་རྣམས་སྦས་སྐུང་བྱས་པའི་མཇུག་འབྲས་སུ། ད་ལྟ་འཛམ་གླིང་ཡོངས་ལ་བསམ་བརྗོད་ལས་འདས་པའི་དཀའ་ཉེན་དང་བརྡབ་གསིག་ཐེབས་བཞིན་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐོག་མར་ནད་ཡམས་དེ་མི་ནས་མི་ལ་འགོ་རྒྱུ་མེད་པ་དང་། དེ་ནས་རྒྱལ་མཚམས་ཀྱི་སྒོ་རྒྱག་མི་ཉན་ཚུལ། དེའི་རྗེས་ནད་ཡམས་དེ་འཛམ་གླིང་ཡོངས་ཁྱབ་ཀྱི་ནད་(pandemic)ཡིན་པའི་གསལ་བསྒྲགས་དུས་ཐོག་ཏུ་མ་སྤེལ་བ་སོགས་བྱས་ཏེ་རྒྱ་ནག་ལ་བསྟུན་ཐབས་འབའ་ཞིག་བྱས་ཏེ། འཛམ་གླིང་སྤྱིའི་འཕྲོད་བསྟེན་ལྟ་སྲུང་བྱེད་པའི་ལས་འགན་དེ་འཐུས་ཤོར་བཏང་བ་གསལ་པོ་ཆགས་སྟབས། ད་ལྟ་ལྷན་ཚོགས་དེར་འཁང་ར་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་བཞིན་པའི་ཁར། དྲ་ཐོག་ནས་ཚོགས་གཙོ་དགོངས་པ་ཞུ་དགོས་པའི་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་གྱི་ཡོད་འདུག །
གསར་འགོད་དཀོན་མཆོག་རབ་བརྟན།