ཨ་རིས་ཡུ་གུར་ནས་ཐོན་པའི་དངོས་ཟོག་རྣམས་བཀག་སྡོམ་དང་རྒྱ་ནག་གིས་སྐྱོན་བརྗོད།

སྦི་སྦི་སིའི་གསར་ལམ་གྱི་པར།

ཡུ་གུར་ས་ཁུལ་དུ་རྒྱ་ནག་གཞུང་གིས་ཡུ་གུར་གྱི་མི་རིགས་རྣམས་ལ་བཙན་གྱིས་བཟོ་ལས་བྱེད་འཇུག་གི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་རྐྱེན་གྱིས། རྒྱ་ནག་གཞུང་གི་ཚོང་དོན་ལྷན་ཚོགས་ནས་ཡུ་གུར་ས་ཁུལ་དུ་ཡོད་པའི་ཨ་རིའི་ཚོང་རྟགས་ཅན་གྱི་ཚོང་ལས་ཁང་ཞིག་ལ་ཞིབ་བཤེར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག

ཕྱི་ཚེས་༢༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ཨ་རིའི་ཚོང་རྟགས་(Tommy Hilfiger)དང་ (Calvin Klein)ཡོད་པའི་ཡུ་གུར་གྱི་ཚོང་ལས་ཁང་ཞིག་ལ་ཡུ་གུར་གྱི་སྲིང་བལ་ཚོང་ལས་ཁང་ཁག་ལ་དབྱེ་འབྱེད་ཀྱི་ཐབས་ལམ་སྤྱད་པར་དོགས་པ་བྱས་ཏེ་ཞིབ་བཤེར་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག

བྱ་སྤྱོད་འདི་ནི་ནུབ་ཕྱོགས་ཀྱི་དཔོན་རིགས་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་ས་ཁུལ་དེའི་སྲིང་བལ་དང་དངོས་ཟོག་གཞན་དག་བཙན་དབང་གིས་ཡུ་གུར་མི་རིགས་ཀྱི་ངལ་རྩོལ་བེད་སྤྱད་དེ་བཟོ་སྐྲུན་བྱས་པ་ཡིན་ཞེས་པའི་སྐྱོན་འཛུགས་ལ་པེ་ཅིང་གིས་ཡ་ལན་སྤྲོད་པའི་འབད་བརྩོན་གསར་པ་ཞིག་མཚོན་གྱི་ཡོད་འདུག་པ་དང་། ཨ་རིས་ཕྱི་ལོ་༢༠༢༡ ལོར་ས་ཁུལ་དེ་ནས་ནང་འདྲེན་བྱེད་པའི་དངོས་ཟོག་དག་བཀག་སྡོམ་བྱས་ཡོད་འདུག

རྒྱ་ནག་གཞུང་ཚོང་དོན་ལྷན་ཁང་གིས་ཚོང་ལས་ཁང་དེར་དོན་དངོས་ཀྱི་གཞི་རྩ་གང་ཡང་མེད་པར་ཡུ་གུར་གྱི་སྲིང་བལ་དང་ཐོན་རྫས་གཞན་དག་ལ་འགོག་རྒོལ་བྱས་པར་ཉེས་འཛུགས་བྱེད་ཀྱི་ཡོད་འདུག་པ་དང་། PVH ཚོང་རྟགས་གཉིས་པོའི་བདག་དབང་ཡོད་མཁན་གྱི་ཚོང་ལས་ཁང་དེ་རྒྱ་ནག་དང་ཨ་རི་གཉིས་ཀའི་བར་ཚོང་འབྲེལ་ཆེན་པོ་ཡོད་འདུག་ཅིང་། ཨ་རིས་བརྗོད་དོན་ལ་རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་ཤིག་དང་འབྲེལ་བ་ཆེན་པོ་ཡོད་པར་བཤད། རྒྱ་གཞུང་གིས་ཚོང་ལས་ཁང་དེ་ཡིས་རྒྱ་ནག་གི་དཔོན་རིགས་ལ་ལན་འདེབས་བྱེད་པར་ཉིན་ ༣༠ སྤྲད་ཡོད་འདུག་པ་དང་། དེའི་རྗེས་སུ་རྒྱལ་ཁབ་ཀྱི་ཡིད་ཆེས་མེད་པའི་སྒྲིག་འཛུགས་ཀྱི་ཐོ་གཞུང་དུ་འཇོག་སྲིད་པ་དང་། དེ་བས་ཆད་པ་གཞན་དག་གཅོད་པའི་ཉེན་ཁ་ཡང་ཡོད་འདུག

PVH ཡིས་ང་ཚོ་ལས་ཀ་བྱེད་སའི་རྒྱལ་ཁབ་དང་ས་ཁུལ་ཡོངས་ཀྱི་འབྲེལ་ཡོད་ཁྲིམས་སྒྲིག་ཚང་མར་ནན་ཏན་གྱིས་བརྩི་སྲུང་བྱེད་ཀྱི་ཡོད་ཅེས་བཤད་འདུག་ལ། ང་ཚོས་རྒྱ་ནག་གི་ཚོང་དོན་ལྷན་ཁང་དང་འབྲེལ་བ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་སྒྲིག་གཞི་དང་མཐུན་པའི་སྒོ་ནས་ལན་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད་འདུག གཟའ་ལྷག་པའི་ཉིན། རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་དཔོན་རིགས་ཤིག་གིས་ཞིབ་བཤེར་འདི་ནི་ཨ་རིས་རྒྱ་ནག་གི་གློག་གི་འཕྲུལ་རིག་འགའ་ཞིག་བཀག་འགོག་བྱ་རྒྱུའི་འཆར་གཞི་དང་འབྲེལ་བ་ཡོད་པས་བཀག་འགོག་བྱས་ཡོད་བརྗོད་འདུག དེ་བཞིན་ཁོས་རྒྱ་ནག་གིས་ཡིད་ཆེས་མེད་པའི་སྒྲིག་འཛུགས་ཀྱི་ཐོ་གཞུང་གི་གནད་དོན་ལ་རྟག་ཏུ་ཞིབ་ཚགས་ཀྱིས་དོ་དམ་བྱས་ཡོད་པ་དང་། ཚོང་རའི་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བ་དང་རྒྱ་ནག་གི་ཁྲིམས་ལུགས་ལ་རྩིས་མེད་བྱེད་པའི་ཕྱི་རྒྱལ་གྱི་སྒྲིག་འཛུགས་ཧ་ཅང་ཉུང་ཤས་ཤིག་ལ་དམིགས་འབེན་བྱས་ཡོད་ཅེས་བཤད་འདུག

(The Peterson)ཟེར་བའི་རྒྱལ་སྤྱིའི་དཔལ་འབྱོར་བསྟི་གནས་ཁང་གི་ཉམས་ཞིབ་པ་(Cullen Hendrix)ཁུ་ལེན་ཧེན་ཌི་རིག་སི་ཡིས། ད་ལྟ་ PVH ལ་ཞིབ་བཤེར་བྱེད་དགོས་པའི་རྒྱུ་མཚན་ངེས་གཏན་མི་ཤེས། འོན་ཀྱང་གསལ་བསྒྲགས་དེས་རྒྱ་ནག་གི་ཉོ་མཁན་ཚོའི་ཁྲོད་དུ་ཚོང་ལས་ཁང་དེའི་མཚན་སྙན་ལ་གནོད་སྐྱོན་ཐེབས་སྲིད་པ་དང་། འཛམ་གླིང་གི་ཚོང་ལས་ཁང་ཚོར་ནུབ་ཕྱོགས་ཀྱི་སེམས་ཁྲལ་ལ་མགོ་སྒུར་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་རྒྱ་ཆེ་བ་ཞིག་བཏང་བ་ཡིན་སྲིད་ཅེས་བཤད་ཡོད་འདུག

དེ་བཞིན་ཁོང་གིས་རྒྱ་ནག་གིས་ཚད་ངེས་ཅན་ཞིག་གི་བར་དུ་རང་གི་སྟོབས་ཤུགས་མངོན་གསལ་བྱེད་ཀྱི་ཡོད་པ་དང་། ནུབ་ཕྱོགས་ཀྱི་སྲིད་གཞུང་ཁོ་ནར་མ་ཡིན་པར་ནུབ་ཕྱོགས་ཀྱི་ཚོང་ལས་ཁང་ཚོར་ལས་དོན་ལ་འབྲས་བུ་ཡོད་པའི་དྲན་སྐུལ་བྱེད་ཀྱི་ཡོད་ཅེས་དང་། ནུབ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་བེད་སྤྱོད་བྱས་པའི་མིང་འདོགས་དང་མཐོང་ཆུང་གཏོང་བའི་ཐབས་བྱུས་འདི་འདྲ་མཚོན་ཆ་ལྟ་བུར་བེད་སྤྱོད་བྱེད་བཞིན་ཡོད་ཅེས་བརྗོད་འདུག

PVH ལ་ཞིབ་བཤེར་བྱེད་པ་དེ་ནི་གློག་འཁོར་དང་བཟོ་ལས་སོགས་ཀྱི་གནད་དོན་མང་པོའི་ཐོག་རྒྱ་ནག་དང་ནུབ་ཕྱོགས་བར་གྱི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་འདུག

གཟའ་ཟླ་བའི་ཉིན། ཨ་རིས་བདེ་འཇགས་ལ་ཉེན་ཁ་ཡོད་པའི་རྒྱུ་མཚན་བཀོད་དེ་རྒྱ་ནག་དང་ཨུ་རུ་སུའི་རླངས་འཁོར་ནང་འཕྲུལ་རིག་འགའ་ཞིག་བེད་སྤྱོད་བྱེད་པར་བཀག་སྡོམ་བྱ་རྒྱུའི་སྒྲིག་གཞི་ཞིག་བཏོན་ཡོད་འདུག རྒྱ་ནག་གིས་སྔོན་མ་ནས་ཨ་རིའི་ཚོང་ལས་ཁང་འགའ་ཞིག་ཡིད་ཆེས་མེད་པའི་སྒྲིག་འཛུགས་ཀྱི་ཐོ་གཞུང་ནང་བཞག་ཡོད་པ་དང་། དེ་ནི་པེ་ཅིང་དང་ཝ་ཤིན་ཊོན་བར་གྱི་ཚོང་འབྲེལ་གྱི་འགལ་ཟླ་ཇེ་ཆེར་འགྲོ་བའི་སྐབས་སུ་བཟོས་པ་ཞིག་ཡིན་འདུག ཚོང་ལས་ཁང་དེ་དག་གིས་ཐེ་ཝན་དུ་ཚོང་ལས་བྱས་པའི་རྐྱེན་གྱིས་ཡིན་པར་བརྗོད། (Mr Hendrix)ཧེན་ཌི་རིག་སི་ཡིས། PVH སྟེ་ཉོ་མཁན་དང་འབྲེལ་བ་ཡོད་པའི་ཚོང་ལས་ཁང་ཞིག་དང་ངོས་འཛིན་གསལ་པོ་ཡོད་པའི་ཨ་རིའི་ཚོང་རྟགས་ཤིག་ལ་དམིགས་འབེན་བྱེད་རྒྱུར་ཐག་གཅོད་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་རྩོད་རྙོག་དེ་སྲུང་སྐྱོབ་དང་མཐོ་རིམ་འཕྲུལ་རིག་གི་ཁྱབ་ཁོངས་ལས་བརྒལ་ཏེ་རྒྱ་ཆེ་རུ་འགྲོ་བཞིན་པ་མཚོན་གྱི་ཡོད་རེད་ཅེས་དང་། དོན་དག་འདི་དག་ལ་ཁྱབ་གདལ་འགྲོ་བའི་ཁྱད་ཆོས་ཤིག་ཡོད། དཔལ་འབྱོར་གྱི་ཁྱབ་ཁོངས་འདྲ་མིན་གྱི་མཁོ་སྤྲོད་བརྒྱུད་ལམ་མང་པོར་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅེས་བཤད་འདུག

PVH ཡི་ལོ་འཁོར་སྙན་ཐོའི་ནང་། ཡུ་གུར་དང་འབྲེལ་བའི་རྩོད་རྙོག་ཅན་གྱི་ཚོང་ལས་ལས་བྱུང་བའི་ཡོང་འབབ་དང་མཚན་སྙན་ལ་ཉེན་ཁ་ཡོད་པའི་སྐོར་མ་རྩ་འཇོག་མཁན་ཚོར་ཉེན་བརྡ་བཏང་ཡོད་འདུག་ལ། ཁོང་ཚོས་གནད་དོན་འདི་ནི་རྒྱ་ནག་དང་། ཨ་རི། དེ་བཞིན་ས་གནས་གཞན་དག་ཏུ་ཞིབ་འཇུག་དང་རྩོད་གླེང་ཆེན་པོའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད་པ་དང་། དེའི་འབྲས་བུར་ང་ཚོ་ཚུད་པའི་རྒྱལ་སྤྱིའི་ཚོང་ལས་ཁང་མང་པོར་སྐྱོན་བརྗོད་བྱུང་ཡོད་ཅེས་བཤད་འདུག

(The Australian Strategic Policy Institute)ཨོ་སི་ཊི་རེ་ལི་ཡའི་ཐབས་བྱུས་སྲིད་བྱུས་བསྟི་གནས་ཁང་གིས་ཕྱི་ལོ་༢༠༢༠ ལོར་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ་ཚོང་ལས་ཁང་འདིའི་མིང་བཀོད་ཡོད་པ་དང་། སྙན་ཐོ་དེས་ཡུ་གུར་གྱི་ངལ་རྩོལ་བ་ཚོ་ལས་ཁེ་ཕན་ཐོབ་ཡོད་པའི་ཚོང་ལས་ཁང་བཅུ་ཕྲག་མང་པོའི་མིང་བཀོད་ཡོད་འདུག སྐབས་དེར་ PVH ཡིས་སྙན་ཐོ་དེ་དག་ཚབས་ཆེན་པོས་བརྩིས་པ་དང་། མུ་མཐུད་དེ་གནད་དོན་འདི་སེལ་ཐབས་བྱ་རྒྱུ་ཡིན་ཞེས་བཤད་འདུག PVH ཡིས་འཛམ་གླིང་ཡོངས་སུ་མི་གྲངས་ ༢༩,༠༠༠ ལྷག་ལ་ལས་ཀ་སྤྲད་ཡོད་འདུག་པ་དང་། ཚོང་ཁེའི་བརྒྱ་ཆ་ ༦༥ ལྷག་ཨ་རིའི་ཕྱི་ཕྱོགས་སུ་ཉོ་ཚོང་བྱེད་ཀྱི་ཡོད་པར་བརྗོད།

གསར་འགོད་པ། བསོད་ནམས་ཕུན་ཚོགས།