ཨ་རིས་ཡུ་གུར་ཡུལ་གྱི་རྒྱ་མིའི་དཔོན་པོ་མཐོ་ཤོས་འགའ་ལ་ཉེས་ཆད་བཅད་འདུག
ཨ་རིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་དཔོན་པོ་བཞི་ལ་ཉེས་ཆད་གཅོད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་དང་། ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་སྔར་བས་ཀྱང་ཇེ་སྡུག་ཏུ་གྱུར་འདུག
ཕྱི་ཟླ་༧ ཚེས་༩ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའི་(Mike Pompeo)ཡིས་ཡུ་གུར་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་མཁན་གྱི་རྒྱ་ནག་གི་དཔོན་པོ་བཞིའི་མིང་བཏོན་ནས། ཁོ་ཚོ་ནང་མི་དང་བཅས་པར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བསྒྲགས་འདུག
ཐེངས་འདིར་ཉེས་ཆད་བཅད་པའི་འགོ་ཁྲིད་བཞི་ནི། དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་མྱོང་ཞིང་ད་ལྟ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གྲེན་ཇོན་གོའོ་(Chen Quanguo)དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཟུར་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཞོན་ཀྲུའུ་ཧཡེ་ལུན།(Zhu Hailun) དེ་བཞིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་འཛིན་གཞོན་པ་དང་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་འགན་འཛིན་གཅིག་ལྕོགས་ཝང་མེང་ཧྲན་(Wang Mingshan)དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཧོའོ་ལིའུ་ཅུན་(Huo Liujun)བཅས་ཆགས་འདུག
ཕྱི་སྲིད་དྲུང་ཆེས་སྤེལ་པའི་གསལ་བསྒྲགས་དེའི་ནང་། རྒྱ་ནག་གི་དཔོན་པོ་བཞི་པོ་དེ་དག་དང་། དེ་དག་གི་ནང་མིར་ཉེས་ཆད་བཅད་དེ་ཨ་རིར་ཡོང་མི་ཆོག་ཚུལ་བརྗོད་པའི་ཐོག རྒྱ་ནག་གིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོག་གཏོང་བཞིན་པ་དེར་ཨ་རིའི་ངོས་ནས་ཁ་རོག་རྩ་བ་ནས་སྡོད་རྒྱུ་མིན་པའི་ནན་བརྗོད་བྱས་འདུག
ཨ་རིའི་གཞུང་ནས་གོ་ལའི་ཁྲིམས་(Global Magnitsky Act)ཞེས་པའི་བཅའ་ཁྲིམས་འོག་ནས་རྒྱ་ནག་གི་དཔོན་པོ་དེ་དག་ལ་ཉེས་ཆད་བཅད་འདུག་ཅིང་། བཅའ་ཁྲིམས་དེའི་འོག་ཨ་རིའི་གཞུང་ནས་འཛམ་གླིང་གི་ས་ཕྱོགས་གང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་བྱུང་ཡང་ཉེས་ཆད་གཅོད་ཆོག་པའི་ཐོག ཉེས་ཅན་པ་དེ་དག་ལ་ཨ་རིའི་ནང་རྒྱུ་ནོར་དང་མ་འཇོག་ཡོད་ན། ཨ་རིས་དེ་རྣམས་གཞུང་བཞེས་དང་། རྒྱལ་སྤྱི་དང་ཨ་རིའི་བཟོ་ཚང་རྣམས་ལའང་ཉེས་ཅན་པ་དེ་དག་དང་ལྷན་དུ་ཚོང་འབྲེལ་འཛུགས་མི་ཆོག་པའི་བཀག་སྡོམ་བྱེད་ཆོག་གི་ཡོད།
གསར་འགོད་པ་དཀོན་མཆོག་རབ་བརྟན།