ཨ་རིས་ཡུ་གུར་ས་གནས་ཀྱི་ཐོན་རྫས་ཚང་མ་དངོས་སུ་བཀག་འགོག་བྱེད་འགོ་བཙུགས་འདུག 

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཡུ་གུར་གྱི་བཙན་འོག་ངལ་རྩོལ་བཀག་འགོག་གི་ཁྲིམས་འཆར་ལ་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱས་ཏེ་ཟླ་བ་༦ ལྷག་སོང་རྗེས། ཁྲིམས་དེ་ལག་བསྟར་བྱེད་འགོ་བཙུགས་ནས་ཡུ་གུར་ས་གནས་ནས་ཐོན་པའི་ཐོན་རྫས་ཚང་མ་དངོས་སུ་བཀག་འགོག་བྱེད་ཀྱི་ཡོད་འདུག 

ཟླ་༦ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཨ་རིའི་ཚོང་ཤག་དང་ས་མཚམས་སྲུང་སྐྱོབ་ལས་ཁང་གིས། ཡུ་གུར་ས་གནས་ནས་ཐོན་པའི་ཐོན་རྫས་ཡོང་རྫོགས་ཨ་རིར་ནང་འདྲེན་བཀག་འགོག་གི་ལས་དོན་འགོ་བཙུགས་འདུག་པ་དང་། ལས་ཁང་དེས་བརྗོད་དོན་ལ། ཡུ་གུར་ནས་ཐོན་པའི་ཐོན་རྫས་ཡོངས་རྫོགས་ནི་བཙན་འོག་ངལ་རྩོལ་གྱི་ཐོན་རྫས་ཡིན་པར་ངོས་འཛིན་གྱིས་བཀག་འགོག་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་ཁུལ་དེ་ནས་ཐོན་རྫས་ནང་འདྲེན་བྱེད་མཁན་ཞིག་གིས་ཡུ་གུར་གྱི་བཙན་འོག་ངལ་རྩོལ་བཀག་འགོག་གི་ཁྲིམས་འོག་ནས་དམིགས་བསལ་གྱི་ཆོག་མཆན་ཐོབ་ནས་ཐོན་རྫས་ནང་འདྲེན་བྱེད་འདོད་ན། ཐོན་རྫས་རྣམས་བཙན་འོག་ངལ་རྩོལ་གྱི་ཐོན་རྫས་མིན་པའི་དཔང་རྟགས་ཧ་ཅང་ཚད་མཐོ་དགོས་ཀྱི་ཡོད་སྐོར་བརྗོད་འདུག 

དེ་ཡང་ལོ་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱིས་ཡུ་གུར་ནང་དུ་རྒྱ་ནག་གི་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མི་རིགས་རྩ་མེད་དང་། བཙན་འོག་ངལ་རྩོལ་གྱི་སྲིད་བྱུས་ལ་ཁ་གཏད་གཅོག་བྱེད་དུ་དམིགས་པའི་ཁྲིམས་འཆར་གལ་ཆེན་ཡུ་གུར་གྱི་བཙན་འོག་ངལ་རྩོལ་བཀག་འགོག་གི་ཁྲིམས་འཆར་ཞེས་པ་དེར་རྒྱབ་སྐྱོར་བྱས་ཡོད་པ་དང་། སྲིད་འཛིན་རྗོ་བྷའེ་ཌན་གྱིས་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱས་ཡོད་པ་རེད། 

ཁྲིམས་དེའི་ནང་དུ་བཟོ་ཚོང་ཁང་རྣམས་ཀྱིས་ཤར་ཏུར་ཀི་སི་ཐན་གྱི་ཐོན་རྫས་གང་རུང་ཞིག་ཨ་རིར་ནང་འདྲེན་བྱེད་སྐབས། ཐོན་རྫས་དེ་ཡུ་གུར་བ་ཚོས་བཙན་འོག་ངལ་རྩོལ་གྱིས་བཟོ་སྐྲུན་བྱས་པ་ཞིག་མ་ཡིན་པའི་དཔང་རྟགས་གསལ་པོར་སྟོན་ཐུབ་ན་མ་གཏོགས་ནང་འདྲེན་བྱེད་མི་ཆོག་པ་བཟོས་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༢༠ ལོར་ཨ་རིའི་གཞུང་གིས་ཡུ་གུར་ས་གནས་སུ། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དང་། དེ་དང་འབྲེལ་བའི་ཚོང་རྫས་ཁག་ཅིག་བཀག་འགོག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེའི་ནང་དུག་ལོག་དང་། སྤྲིན་བལ། ཀམ་པུ་ཊར་གྱི་ཆ་ཤས། སྐྲའི་ཐོན་རྫས་སོགས་ཡོད་པ་རེད་འདུག འཛམ་གླིང་ནང་གི་སྤྲིན་བལ་བརྒྱ་ཆ་༢༠ རྒྱ་ནག་ནས་ཐོན་གྱི་ཡོད་འདུག་པ་དང་། དེའི་ནང་ནས་ཕལ་ཆེ་བ་ཞིག་ཡུ་གུར་ས་གནས་ནས་ཐོན་གྱི་ཡོད་འདུག

རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ས་གནས་སུ་ཡུ་གུར་ཁ་ཆེ་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཏེ། ཆབ་སྲིད་བཅོས་སྒྱུར་གཞིས་སྒར་ཁག་ཏུ་བཙོན་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཆེན་པོ་ཁྱབ་ཡོད་ཁར། འཛིན་བཟུང་འོག་ཡོད་པའི་ཕ་མ་རྣམས་ཀྱི་ཕྲུ་གུ་རྣམས་ཀྱང་ཆེད་དུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་ནས། བསམ་བློ་བཅོས་སྒྱུར་གྱི་ལས་གཞི་སྤེལ་བཞིན་ཡོད་པའི་གནས་ཚུལ་ཡང་ཕྱིར་ཐོན་ཡོད་པ་རེད་དེ། ཐོག་མར་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་བཀག་ཉར་དོ་དམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཁས་ལེན་བྱས་མེད་ཀྱང་། རྗེས་སུ་བཀག་ཉར་ཁང་དེ་དག་ནི་ལག་ཤེས་སྦྱོང་བརྡར་ཁང་ཡིན་པ་དང་དེའི་དགོས་པ་ནི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།