ཨ་རིས་ཡུ་གུར་ས་གནས་ནས་ཐོན་པའི་ཚོང་རྫས་ཁག་ཅིག་བཀག་འགོག་བྱེད་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་ཡུ་གུར་ས་གནས་སུ། ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དང་། དེ་དང་འབྲེལ་བའི་ཚོང་རྫས་ཁག་ཅིག་ཨ་རི་གཞུང་གིས་བཀག་འགོག་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
ཟླ་༩ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་སྐབས་དེར། ཨ་རི་གཞུང་གིས་ཡུ་གུར་ས་གནས་དང་ཉེ་འགྲམ་གྱི་ཞིང་ཆེན་ཞིག་གི་ཚོང་ལས་ཁང་ལྔ་ཡི་ཚོང་རྫས་རྣམས། འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ལ་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་འཇུག་ནས་བཟོ་སྐྲུན་བྱས་པ་ཡིན་པས། ཚོང་རྫས་དེ་རྣམས་ཨ་རིར་ནང་འདྲེན་བཀག་འགོག་བྱེད་རྒྱུ་གསལ་བསྒྲགས་བྱས་འདུག
ཨ་རིའི་ནང་སྲིད་བདེ་འཇགས་ལས་ཁུངས་ཀྱི་དྲུང་ཆེས་གསར་འགོད་པ་ཚོར། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཚབས་ཆེན་གྱི་བྱ་སྤྱོད་དེ་རིགས་ལ། བརྡ་ལན་ནན་པོ་ཞིག་དགོས་ཀྱི་ཡོད་པ་དང་། དེ་ནི་དེང་རབས་ཀྱི་བྲན་གཡོག་ལམ་ལུགས་ཡིན་སྐོར་བརྗོད་འདུག
བཀག་འགོག་བྱས་པའི་ཚོང་རྫས་ཁོངས་སུ་དུག་ལོག་དང་། སྤྲིན་བལ། ཀམ་པུ་ཊར་གྱི་ཆ་ཤས། སྐྲའི་ཐོན་རྫས་སོགས་ཡོད་པ་རེད་འདུག
ཨ་རིའི་ཚོང་ཤག་དང་ས་མཚམས་སྲུང་སྐྱོབ་ལས་ཁང་གི་འགན་འཛིན་གྱིས། ཐེངས་འདིའི་བཀའ་རྒྱ་འདིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ། ཨ་རིས་ཁྲིམས་འགལ་དང་འགྲོ་བ་མིའི་བཟང་སྤྱོད་དང་འགལ་བ། བཤུ་གཞོག་བཅས་ཀྱིས་གྲུབ་པའི་ཐོན་རྫས་རྣམས་ཁས་ལེན་བྱེད་རྒྱུ་མིན་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་དང་། བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་འཇུག་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་གཅིག་ཡིན་པ་དང་། དེ་ནི་ཨ་རིའི་རིན་ཐང་གི་ལྟ་བ་དང་མཐུན་གྱི་མེད་པ། ཊོམ་སྲིད་གཞུང་གིས་བྱ་སྤྱོད་དེ་རིགས་ལ་སྣང་མེད་གཏོང་རྒྱུ་མིན་སྐོར་བརྗོད་འདུག
ཨ་རིས་ཡུ་གུར་ས་གནས་ནས་ཐོན་པའི་ཐོན་རྫས་ཡོངས་རྫོགས་བཀག་འགོག་བྱེད་འཆར་ཡོད་འདུག་ཀྱང་། ད་ལྟའི་དེ་ལྟར་བྱུང་མེད་པས་ལས་དོན་དེ་འདྲ་ཞིག་སྤེལ་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག
འཛམ་གླིང་ནང་གི་སྤྲིན་བལ་བརྒྱ་ཆ་༢༠ རྒྱ་ནག་ནས་ཐོན་གྱི་ཡོད་འདུག་པ་དང་། དེའི་ནང་ནས་ཕལ་ཆེ་བ་ཞིག་ཡུ་གུར་ས་གནས་ནས་ཐོན་གྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།