ཨ་རིས་ཡུ་རུབ་ནས་དམག་དཔུང་ཕྱིར་ཐེན་བྱེད་པའི་རྒྱུ་མཚན་ནི་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་ཡིན་ཟེར།
ཨ་རིའི་ཕྱི་སྲིད་དྲུང་ཆེས་མ་ཁི-ཕོམ་ཕོའོ་(Mike Pompeo) ཡིས་ཇར་མན་དུ་ཡོད་པའི་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་པའི་རྒྱུ་མཚན་གཙོ་བོ་དེ། རྒྱ་གར་དང་ལྷོ་ཨེ་ཤི་ཡའི་ནང་རྒྱ་ནག་གི་ཉེན་ཁ་ཡོང་བཞིན་པ་དེར་ཁ་གཏད་གཅོག་ཆེད་ཡིན་ཞེས་བརྗོད་འདུག
ཕྱི་ཟླ་༦ ཚེས་༢༥ རེས་གཟའ་ཕུར་བུའི་ཉིན་འཚོགས་པའི་བྷེ་རི་སལ་སྡིངས་ཆའི་(Brussels Forum) བགྲོ་གླེང་ཐོག ཨ་རིའི་ཕྱི་སྲིད་དྲུང་ཆེ་མ་ཁི-ཕོམ་ཕོའོ་ཡིས་རྒྱ་ནག་དང་། རྒྱ་ནག་གིས་འཛམ་གླིང་ལ་སློང་བཞིན་པའི་དཀའ་ཉེན་སྐོར་ལ་གཏམ་བཤད་ཅིག་གནང་བའི་ནང་། ཉེ་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཡུ་རོབ་ནས་དམག་དཔུང་ཕྱིར་བསྡུ་བྱེད་པའི་ཐག་གཅོད་དེ་ནི་བསམ་བློ་ཞིབ་ཚགས་བཏང་བའི་ཐབས་བྱུས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ཡུ་རོབ་ནས་ཕྱིར་བསྡུ་བྱས་པའི་དམག་དཔུང་དེ་ས་ཁུལ་གཞན་དུ་གཏོང་འཆར་ཡོད་སྐོར་བཤད་འདུག
ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ཀྱིས་“རྒྱ་གར་ལ་ཉེན་ཁ་ཡོད་པ་”སྟོན་པ་མ་ཟད། ཝི་ཏྲི་ནམ་དང་། ཨིན་ཌོ་ན་ཤི་ཡ། མ་ལ་ཤི་ཡ། ཧྥི་ལིད་པེན། ལྷོ་རྒྱ་ནག་རྒྱ་མཚོ་ལྟ་བུའི་ས་ཁུལ་དང་རྒྱལ་ཁབ་རྣམས་ལ་ཉེན་ཁ་འཕྲད་བཞིན་པ་སྟོན་གྱི་ཡོད་ཅེས་བརྗོད་པའི་ཁར། “ང་ཚོས་མི་དམངས་བཅིངས་གྲོལ་དམག་ལ་ཁ་གཏད་གཅོག་པའི་བཙན་ས་ཏག་ཏག་ཅིག་འཛིན་དགོས། ང་ཚོས་བལྟས་ན། དེ་ནི་ང་ཚོའི་དུས་སྐབས་ཀྱི་དཀའ་ཉེན་ཆེ་ཤོས་དེ་འགྱུར་རྒྱུ་ཡིན་པ་དང་། དེ་ལ་གདོང་ལེན་བྱེད་པའི་གྲ་སྒྲིག་ཨང་གསར་བྱེད་དགོས་”ཞེས་བསྣན་འདུག
གཏམ་བཤད་དེའི་ནང་། ཁོང་གིས་རྒྱ་ནག་གི་མ་རུང་དྲག་པོའི་བྱ་སྤྱོད་མང་པོ་ཞིག་བགྲངས་པའི་ནང་། རྒྱ་གར་དང་ལྷན་དུ་བྱུང་བའི་ས་མཚམས་ཀྱི་དྲག་པོའི་འཁྲུག་འཛིང་དང་། ལྷོ་རྒྱ་ནག་རྒྱ་མཚོར་སྤེལ་བཞིན་པའི་བཙན་འཛུལ། རུལ་སུངས་ཅན་གྱི་དཔལ་འབྱོར་སྲིད་བྱུས་སོགས་བཤད་པ་མ་ཟད། ཁོང་གིས་ད་དུང་ཨ་རི་དང་ཡུ་རོབ་གཉིས་ཀྱིས་རྒྱ་ནག་དང་། རྒྱ་ནག་གིས་སྟེར་བཞིན་པའི་ཉེན་ཁའི་སྐོར་ལ་གྲོས་མོལ་བྱེད་འགོ་བརྩམ་རྒྱུ་ཡིན་སྐོར་བསྒྲགས་པ་དང་། ཕྱོགས་གཉིས་ཀས་རྒྱ་ནག་གི་བྱ་སྤྱོད་སྐོར་ལ་གནས་ཚུལ་མཁོ་སྒྲུབ་བྱས་ཏེ་ལྷན་དུ་བྱ་སྤྱོད་སྤེལ་ཐུབ་པ་བཟོ་དགོས་སྐོར་བཤད་འདུག
གཞན་ཡང་། ཨ་རིའི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་བ་རོ་བྷོར་ཏྲི-ཨོ་བྷི་རན་(Robert O’Brien) གྱིས་ཟླ་འདིའི་ཚེས་༢༤ ཉིན་ཨ་རི་གྲོང་ཁྱེར་ཧྥི་ནི་ཀི་སི་(Phoenix) རུ་ཚོང་པའི་འགོ་ཁྲིད་རྣམས་ལ་གཏམ་བཤད་ཅིག་གནང་བའི་ནང་། “ཨ་རིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐོག་ལ་ཁ་རོག་སྣང་མེད་འཇོག་པའི་དུས་ཚོད་དེ་ཡོལ་”ནས་རྒྱ་ནག་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བརྗོད་འདུག
ཁོང་གིས་“སྲིད་འཛིན་ཊོམ་གྱི་དབུ་ཁྲིད་ལམ་སྟོན་འོག ཨ་རི་གཉིད་ལས་སད་དེ་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ཀྱི་ཉེན་ཁ་དང་། ཁོ་ཚོས་ཨ་རིའི་ཡང་དག་པའི་འཚོ་གནས་ནས་སྟེར་བཞིན་པའི་ཉེན་ཁ་རྣམས་མཐོང་ཐུབ་པ་བྱུང་ཡོད་”ཅེས་བཤད་པ་མ་ཟད། ཕྱི་ལོ་ ༢༠༠༡ ལོར་ཨ་རིས་རྒྱ་ནག་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ནང་བསུས་ནས་ཚོང་གི་ཐོབ་ཐང་དམིགས་བསལ་མང་པོ་བྱིན་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་གི་སྟོབས་ཤུགས་དང་དཔལ་འབྱོར་འཕེལ་རྒྱས་སོང་ན། དམར་ཤོག་ཚོགས་པས་རྒྱ་ནག་མི་དམངས་ཀྱི་མངོན་འདོད་ལ་བསྟུན་ནས་མང་གཙོ་ཅན་དུ་བསྒྱུར་བའི་ཡིད་ཆེས་བྱས་ན་ཡང་། སྟབས་མ་ལེགས་པ་ཞིག་ལ་དེ་ནི་སྟོང་བསམ་ཞིག་ཡིན་པ་གསལ་པོ་གྱུར་ཡོད་ཅེས་བཤད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།