ཨ་རིས་རྒྱ་གར་ལ་སྒོ་ཁྲལ་ཉུང་དུ་གཏོང་རྒྱུ་གཏན་ཁེལ་བྱས་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་གར་གྱིས་ཨུ་རུ་སུ་ནས་སྣུམ་ཉོ་བཞིན་པར་བརྟེན། ཡུག་རེན་དང་ཨུ་རུ་སུ་གཉིས་བར་གྱི་དམག་འཁྲུག་མཚམས་འཇོག་ཐུབ་ཀྱི་མེད་པར་ངོས་འཛིན་གྱིས། ཨུ་རུ་སུ་ནས་སུས་སྣུམ་ཉོས་ཚེ་སྒོ་ཁྲལ་འགེལ་རྒྱུའི་ཉེན་བརྡ་བཏང་བ་བཞིན། རྒྱ་གར་གྱི་དངོས་ཟོག་ཐོག་ཏུ་སྒོ་ཁྲལ་བརྒྱ་ཆ་༥༠ བཀལ་ཡོད་ཀྱང་། ཉེ་ཆར་ཨ་རི་དང་རྒྱ་གར་གཉིས་བར་གྲོས་མོལ་བྱས་ཏེ་ད་ཆ་ཨ་རི་གཞུང་གིས་སྒོ་ཁྲལ་ཉུང་དུ་གཏོང་རྒྱུ་དང་། རྒྱ་གར་གྱིས་ཨ་རི་ནས་སྣུམ་ཉོ་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢ ཉིན་བྷི་བྷི་སི་(BBC)དང་རྒྱ་གར་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་(X) སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་གནས་ཚུལ་སྤེལ་དོན། སྲིད་འཛིན་ཊོམ་དང་རྒྱ་གར་གྱི་སྲིད་བློན་མུ་དྷི་རྣམ་གཉིས་བར་གྲོས་བསྡུར་བྱུང་ཡོད་སྐོར་དང་། སྐབས་དེར་ཁོང་གཉིས་ཀྱིས་གནད་དོན་འདྲ་མིན་མང་པོའི་སྐོར་གླེང་སློང་གནང་བའི་ཁྲོད་ནས་གཙོ་བོ་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་སྐོར་ཡིན་པ་བརྗོད་འདུག སྐབས་དེར་སྲིད་བློན་མུ་དྷིས་རྒྱ་གར་གྱིས་ཨུ་རུ་སུ་ནས་སྣུམ་ཉོ་རྒྱུ་མཚམས་འཇོག་བྱེད་རྒྱུ་ཁས་ལེན་བྱས་ཡོད་པས། ཐག་གཅོད་དེ་ནི་ཧ་ཅང་གི་ཡག་པོ་རེད། རྒྱུ་མཚན་ནི་དམག་འཁྲུག་དེ་མཚམས་འཇོག་བྱེད་དགོས་ན་ཐོག་མར་ཨུ་རུ་སུ་ནས་སྣུམ་ཉོ་རྒྱུ་མཚམས་འཇོག་དགོས་པ་དང་། དམག་འཁྲུག་དེ་ལ་བརྟེན་ནས་མི་སྟོང་ཕྲག་མང་པོ་དོན་མེད་ཤི་རྨས་འབྱུང་བཞིན་ཡོད་པས་རེད།
མ་འོངས་པར་རྒྱ་གར་གྱིས་ཨ་རི་དང་ཝེ་ནེ་ཛུ་ལ་(Venezuela) ནས་སྣུམ་ཉོ་རྒྱུ་ཡིན་པས། ཨ་རིའི་ངོས་ནས་རྒྱ་གར་ལ་བཀལ་བའི་སྒོ་ཁྲལ་བརྒྱ་ཆ་༥༠ ནས་༡༨ བར་ཉུང་དུ་གཏོང་རྒྱུ་ཡིན། དེ་བཞིན་མ་འོངས་པར་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་༥༠༠ ཡི་ཚོང་འབྲེལ་ཡོང་ཐབས་བྱེད་རྒྱུ་དང་། རྒྱ་གར་གྱི་ངོས་ནས་ཨ་རིའི་ནུས་ཤུགས་ཐོན་ཁུངས་དང་། ཞིང་ལས་ཐོན་རྫས། རྡོ་སོལ། དངོས་ཟོག་གཞན་མང་པོ་ཞིག་ཉོ་རྒྱུ་ཐག་གཅོད་བྱུང་ཡོད་པ་བརྗོད་འདུག
ཨ་རིའི་སྲིད་འཛིན་གྱིས་གསལ་བསྒྲགས་དེ་སྤེལ་རྗེས། རྒྱ་གར་གྱི་སྲིད་བློན་མུ་དྷིས་རྒྱ་གར་གྱི་མི་འབོར་ཐེར་འབུམ་༡.༤ ཡི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཨ་རི་དང་རྒྱ་གར་གཉིས་བར་སྔར་ལས་ལྷག་པའི་ཚོང་འབྲེལ་རྒྱ་ཆེ་བ་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག ན་ནིང་ཕྱི་ཟླ་༨ ནང་ཨ་རི་གཞུང་གིས་རྒྱ་གར་གྱི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༥༠ བཀལ་ཡོད་པ་དང་། དེ་ནི་རྒྱ་གར་གྱིས་ཨུ་རུ་སུ་ནས་སྣུམ་ཉོ་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་ཡང་བརྩི་སྲུང་མ་བྱས་པར་བརྟེན་ནས་བཀལ་བ་ཞིག་རེད།
འོན་ཀྱང་། ཉེ་ཆར་གྱི་གསལ་བསྒྲགས་དེ་ནི་ཨ་རི་དང་རྒྱ་གར་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་བྱེད་པའི་གོམ་པ་དང་པོ་དེ་ཡིན་པ་དང་། མ་འོངས་པར་འབྲེལ་ལམ་ཟབ་ཏུ་གཏོང་ཆེད་མུ་མཐུད་གྲོས་མོལ་བྱེད་དགོས་སྐོར་རྒྱ་གར་གྱིས་བརྗོད་འདུག
ཐེངས་འདིའི་ཚོང་འབྲེལ་བསྐྱར་གསོ་ལ་བརྟེན་ནས་རྒྱ་གར་གྱི་རས་ཆ་ཚོང་པ་ཚོར་ཁེ་ཕན་ཆེན་པོ་ཐོབ་རྒྱུ་ཡིན་པ་བརྗོད་འདུག ཨ་རིའི་ཁྲོམ་རའི་ནང་རྒྱ་གར་གྱི་རས་ཆ་འབོར་ཆེན་འཚོང་ཐུབ་ཀྱི་ཡོད་པ་བརྗོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
