ཨ་རིས་རྒྱ་ནག་གི་གསར་ཁང་ཁག་ཅིག་རྒྱ་གཞུང་གི་དྲིལ་བསྒྲགས་བྱེད་མཁན་ཡིན་པར་ངོས་འཛིན་བྱས།

ཊོམ་སྲིད་གཞུང་གིས་དེ་སྔོན་ཨ་རིའི་ནང་དུ་ལས་དོན་སྤེལ་མཁན་རྒྱ་ནག་གི་གསར་ཁང་མང་པོ་ཞིག་ནི། དམར་ཤོག་ཚོགས་པའི་ལས་དོན་སྤེལ་མཁན་ཡིན་པས། ཕྱིའི་རྒྱལ་ཁབ་ཀྱི་གཞུང་གི་དོོན་སྤེལ་མཁན་ལ་ངོས་འཛིན་གྱིས་ཁྲིམས་སྒྲིག་གསར་པ་ལག་བསྟར་བྱས་ཡོད་པ་ལྟར། ཐེངས་འདིར་གསར་ཁང་གསར་པ་ཁག་ཅིག་ལ་ཡང་དེ་ལྟར་ངོས་འཛིན་བྱས་ཡོད་འདུག 

ཟླ་༡༠ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པོམ་པཱེ་ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། ཨ་རིའི་ནང་གསར་འགོད་ལས་དོན་སྤེལ་མཁན་རྒྱ་ནག་གི་གསར་ཁང་Yicai Global, Jiefang Daily, Xinmin Evening News, Social Sciences in China Press, Beijing Review, དང་Economic Daily བཅས་ནི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་གིས་བདག་འཛིན་ནམ་སྟངས་འཛིན་ཤུགས་ཆེན་བྱེད་ཀྱི་ཡོད་པས། དེ་དག་ཚང་མས་ཕྱིའི་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་སྤེལ་མཁན་ཡིན་པ་དེབ་སྐྱེལ་བྱེད་དགོས་སྐོར་བརྗོད་འདུག དེབ་སྐྱེལ་གྱི་བརྒྱུད་རིམ་དེའི་ནང་ལས་ཁུངས་ཁག་གི་ལས་བྱེད་དང་རྩིས་ཁྲ་སོགས་ཀྱང་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད། 

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་རིའི་གཞུང་གིས་རྒྱ་ནག་གི་གསར་ཁང་དེ་ཚོས་ཨ་རིའི་ནང་བརྗོད་བྱ་གང་གི་ཐོག་ཏུ་གནས་ཚུལ་སྤེལ་ཆོག་མིན་ཐད་བཀག་སྡོམ་གང་ཡང་བྱེད་ཀྱི་མེད་ཀྱང་། གནས་ཚུལ་དེ་ཚོ་ལྟ་ཀློག་བྱེད་མཁན་ཨ་རིའི་མི་མང་གིས། རང་དབང་ཅན་གྱི་གསར་ཁང་གིས་སྤེལ་བའི་གནས་ཚུལ་དང་། རྒྱ་ནག་དམར་ཤོག་ཚོགས་པས་དྲིལ་བསྒྲགས་གནས་ཚུལ་གཉིས་བར་དབྱེ་འབྱེད་བྱེད་ཐུབ་པ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག 

ཟླ་༢ པའི་ནང་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་།(Xinhua News Agency) དང་། རྒྱ་ནག་གི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་(China Global Television Network) རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་།(China Radio International) རྒྱ་ནག་ཉིན་རེའི་གསར་ཁང་།(China Daily Distribution Corp) མི་མང་ཉིན་རེའི་ཚགས་པར་(China Daily Distribution Corp) འགྲེམས་སྤེལ་བྱེད་མཁན་ཧའེ་ཊན་འཛུགས་སྐྲུན་ཚོང་ལས་ཁང་(Hai Tian Development USA, Inc) བཅས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པར་ངོས་འཛིན་བྱས་ནས་དེ་མཚུངས་ཀྱི་ཁྲིམས་ལག་བསྟར་བྱེད་རྒྱུ་གསལ་བསྒྲགས་བྱས་པའི་རྒོལ་ལན་དུ། རྒྱ་ནག་གིས་ཨ་རིའི་གསར་ཁང་ཆེ་གྲས་གསུམ་གྱི་གསར་འགོད་པ་རྣམས་རྒྱ་ནག་ནས་ཕྱིར་འབུད་བཏང་ཡོད་པ་རེད། 

དེ་རྗེས་ཟླ་༦ པའི་ནང་རྒྱ་ནག་དབུས་བརྙན་འཕྲིན་ཁང་།(China Central Television) རྒྱ་ནག་གསར་འགྱུར་ལས་ཁང།(China News Service) མི་མང་ཉིན་རེའི་ཚགས་པར།(People’s Daily) གོ་ལའི་དུས་བབ་(People’s Daily)བཅས་བཞི་ནི། རང་དབང་ཅན་གྱི་གསར་ཁང་གི་སྒྲིག་འཛུགས་མིན་པ་དང་། དེ་ཚོ་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་ཀྱི་ཡོད་ཁར། དྲིལ་བསྒྲགས་བརྒྱུད་ལམ་ཞེས་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་ཚོ་བཞི་ནི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་དོན་སྤེལ་མཁན་སྒྲིག་འཛུགས་ལ་ངོས་འཛིན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ད་བར་ཨ་རིས་རྒྱ་ནག་གསར་ཁང་༡༥ ནི་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་དོན་སྤེལ་མཁན་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད། 

ཨ་རིས་རྒྱ་ནག་གི་གསར་ཁང་དེ་རིགས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དོན་སྤེལ་མཁན་ཡིན་པ་ངོས་འཛིན་བྱས་རྐྱེན། ཨ་རིའི་གཞུང་ལ་ལས་དོན་སྙན་ཐོ་འབུལ་ལམ་ཞུ་དགོས་ཀྱི་ཡོད་པས། ཟླ་༦ པའི་ནང་སྙན་ཐོ་དེ་བརྒྱུད་ནས་རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་བརྒྱུད་ལམ་གཙོ་བོའི་གྲས་སུ་ཡིན་པའི་དབྱིན་ཡིག་གསར་ཤོག་རྒྱ་ནག་ཉིན་རེའི་གསར་ཤོག་(China Daily)གིས། ཨ་རིའི་ནང་གི་གསར་ཤོག་ཆེ་གྲས་ཁག་ལ། རྒྱ་ནག་གི་རྣམ་པ་བཟང་པོ་སྟོན་པའི་གནས་ཚུལ་སྤེལ་ཆེད་དུ་གསར་ཤོག་གི་ཤོག་ངོས་ཉོས་ཏེ། རྒྱ་ནག་ལྟ་ཞིབ་ཅེས་པའི་མིང་ཐོག་ནས་གནས་ཚུལ་དང་། ཁྱབ་བསྒྲགས་མང་པོ་ཞིག་སྤེལ་ཆེད་དུ་ཕྱི་ལོ་ ༢༠༡༦ ལོའི་ཟླ་༡༡ པ་ནས་ད་བར་ཨ་སྒོར་ས་ཡ་༡༩ ལྷག་འགྲོ་སོང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་གསར་ཤོག་དེས་ཨ་རིའི་ནང་གི་གསར་ཤོག་ཆེ་གྲས་The Washington Post ལ་ཨ་སྒོར་ས་ཡ་༤.༦ དང་།  The Wall Street Journal ལ་ཨ་སྒོར་ས་ཡ་༦ ལ་ཉེ་བ་སྤྲད་ཡོད་འདུག གསར་ཁང་དེ་གཉིས་ཀྱིས་གསར་ཤོག་ནང་དུ་རྒྱ་ནག་ལྟ་ཞིབ་ཅེས་པའི་མིང་ཐོག་ནས་གནས་ཚུལ་སྤེལ་ཡོད་འདུག གནས་ཚུལ་དེ་རིགས་གསར་ཤོག་དེའི་ནང་གསར་འགྱུར་ཡིན་པ་མཐོང་ཆེད་དུ་ནང་འཇུག་དང་སྒྲིག་བཟོ་བྱེད་ཀྱི་ཡོད་ཀྱང་། གནས་ཚུལ་ཕལ་ཆེ་བ་རྒྱལ་སྤྱིའི་ཆབ་སྲིད་དང་འབྲེལ་ནས་རྒྱ་ནག་ལ་རྣམ་པ་བཟང་པོ་སྟོན་པའི་གནས་ཚུལ་ཡིན་འདུག་ཅིང་། གནས་ཚུལ་འབྲི་མཁན་ཡང་རྒྱ་ནག་ཉིན་རེའི་གསར་ཤོག་ཡིན་ཁར། ཨ་རིའི་ནིའུ་ཡོག་དུས་བབ་(New York Times)དང་། ཕྱི་འབྲེལ་སྲིད་བྱུས་(Foreign Policy)ལ་སོགས་པའི་གསར་ཁང་ཆེ་བ་རྣམས་ཀྱི་གསར་ཤོག་ཐོག་ཏུ་ཁྱབ་བསྒྲགས་གཏོང་ཆེད་འགྲོ་སོང་མང་པོ་བཏང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།