ཨ་རིས་རྒྱ་ནག་གི་གློག་ཀླད་ཚོང་ལས་སྡེ་ཚན་བདུན་ལ་ཚོང་འབྲེལ་བཀག་སྡོམ་བྱས་འདུག
ཨ་རིའི་གཞུང་གིས་རྒྱ་ནག་གི་གློད་ཀླད་ཚོང་ལས་སྡེ་ཚན་བདུན་གྱིས། རྒྱ་ནག་གི་དམག་གི་སྒྲིག་འཛུགས་ལ་ཆེས་ནུས་རྩལ་ལྡན་པའི་གློག་ཀླད་བཟོ་སྐྲུན་ལ་མཐུན་སྦྱོར་བྱེད་ཀྱི་ཡོད་སྐོར་བརྗོད་ནས། ཨ་རིའི་ཚོང་ལས་ཁང་རྣམས་ཚོང་ལས་ཁང་དེ་དག་ལ་ཚོང་འབྲེལ་བྱེད་མི་ཆོག་པའི་བཀག་སྡོམ་བྱས་འདུག
ཟླ་༤ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱི་སྲིད་གཞུང་གིས་ཐེངས་དང་པོར་རྒྱ་ནག་གིས་ཨ་རིའི་འཕྲུལ་ཆས་ཉོ་བའི་ལམ་ཁ་ཁག་ཏུ་གཏོང་བའི་ཐག་གཅོད་བྱས་ཡོད་འདུག་པ་དང་། དེ་ཡང་རྒྱ་ནག་གི་ཀློག་གླད་ཚོང་ལས་ཁང་གསུམ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ཆེས་ནུས་རྩལ་ལྡན་པའི་གློག་ཀླད་ཀྱི་ཡན་ལག་སྡེ་ཚན་༤ བཅས་ཁྱོན་སྡེ་ཚན་༧ ལ། ཨ་རིའི་ཚོང་ལས་ཁང་ཚོས་ཆོག་མཆན་མེད་པར་འཕྲུལ་ཆས་ཕྱིར་འདྲེན་བྱེད་ཆོག་གི་མེད་པའི་བཀག་སྡོམ་བྱས་འདུག
ཨ་རིའི་ཚོང་འབྲེལ་ལས་ཁང་གིས། རྒྱ་ནག་གི་སྡེ་ཚན་དེ་དག་གིས་རྒྱ་ནག་དམག་གི་སྒྲིག་འཛུགས་དང་ལྷན་དུ། གཏོར་སྐྱོན་ཆེན་པོ་གཏོང་བྱེད་ཀྱི་མཚོན་ཆ་བཟོ་སྐྲུན་བྱེད་ཆེད་དུ་ཆེས་ནུས་རྩལ་ལྡན་པའི་གློག་ཀླད་བཟོ་སྐྲུན་བྱེད་ཀྱི་ཡོད་སྐོར་བརྗོད་ནས། བྷའེ་ཌན་སྲིད་གཞུང་གིས་རྒྱ་ནག་གི་བརྟན་ལྷིང་མེད་པ་བཟོ་བའི་དམག་གི་ལས་དོན་དེ་རིགས་ལ། ཨ་རིའི་འཕྲུལ་ཆས་བེད་སྤྱོད་བྱེད་མི་ཐུབ་པའི་ཆེད་དུ་དབང་ཤུགས་ཆ་ཚང་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
དེ་སྔོན་ཌོ་ནལ་ཊོམ་སྲིད་གཞུང་གིས་ཀྱང་རྒྱ་ནག་གི་ཚོང་ལས་ཁང་ཁག་ཅིག་གིས་ཨ་རིའི་འཕྲུལ་ཆས་རྣམས་དམག་གི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པའི་དོགས་པའི་འོག ཁ་གཏད་བཅག་ཡོད་པ་རེད། དེའི་ནང་ཁ་པར་བཟོ་སྐྲུན་ཚོང་ལས་ཁང་ཧུ་ཝེ་ཡང་ཚུད་ཀྱི་ཡོད་པ་རེད། ཐེངས་འདིའི་བཀག་སྡོམ་འོག་གལ་ཏེ་རྒྱ་ནག་གི་གློད་ཀླད་སྡེ་ཚན་བདུན་པོ་དེ་དག་གིས། ཨ་རིའི་འཕྲུལ་ཆས་ཉོ་དགོས་ཀྱི་ཡོད་ཚེ་ཆོག་མཆན་ཡིག་ཆ་ཞུ་དགོས་པ་ཆགས་འདུག
དེ་ཡང་ཆེས་ནུས་རྩལ་ལྡན་པའི་གློད་ཀླད་(supercomputer) དེ་རིགས་ནི་རྒྱུན་ལྡན་གྱི་གློད་ཀླད་དང་མི་འདྲ་བར། སྐར་ཆ་གཅིག་ནང་རྩིས་ཐེར་འབུམ་མང་པོ་རྒྱག་ཐུབ་ཀྱི་ཡོད་པ་དང་། གནམ་གཤིས་སྔོན་བརྡ་དང་། རྡུལ་མཚོན་དངོས་སུ་མེད་པར་དེའི་ཚོད་ལྟ་བྱེད་པ། སྨན་གྱི་ཉམས་ཞིབ། ཡར་ཐོན་མཚོན་ཆ་བཟོ་སྐྲུན། རྒྱལ་ཁབ་ཀྱི་བདེ་འཇགས་ལམ་ལུགས་བཟོ་སྐྲུན་སོགས་ཀྱི་ནུས་རྩལ་ལྡན་ཡོད་པས། ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གིས་ཨ་རིའི་འཕྲུལ་ཆས་བེད་སྤྱོད་བྱས་ཏེ། ཕྱོགས་གཉིས་བར་གྱི་དམག་གི་ནུས་པའི་ཧེ་བག་ཆུང་དུ་གཏོང་བར་སེམས་འཚབ་བྱེད་ཀྱི་ཡོད་པ་དང་། བྷའེ་ཌན་སྲིད་གཞུང་གིས་ཊོམ་སྲིད་གཞུང་སྐབས་སུ་རྒྱ་ནག་ལ་ཁ་གཏད་ཀྱི་བཀག་སྡོམ་ལས་དོན་རྣམས་ལ་བསྐྱར་ཞིབ་བྱེད་བཞིན་པ་ཡིན་འདུག
ཊོམ་སྲིད་གཞུང་སྐབས་སུ་ཨ་རྒྱ་གཉིས་བར་ཚོང་དམག་སོགས་ལ་བརྟེན་ནས་འབྲེལ་ལམ་གྱི་ཚད་གཞི་དམའ་རུ་སོང་ཡོད་པས། རྗོ་བྷའེ་ཌན་སྲིད་གཞུང་ལ་རྒྱ་ནག་གིས་དོན་ཕན་ལྡན་པའི་གྲོས་མོལ་བསྐྱར་གསོ་བྱེད་པའི་གྲ་སྒྲིག་ཡོད་པ་དང་། ཨ་རིར་འགྲན་རྩོད་དམ། ཨ་རིའི་སྟོབས་ཤུགས་མེད་པ་བཟོ་བའི་མངོན་འདོད་མེད་ཁར། ཨ་རི་དང་ལྷན་དུ་ཞི་བདེ་མཉམ་གནས་དང་ཐུན་མོང་གི་འཕེལ་རྒྱས་གཏོང་རྒྱུའི་གྲ་སྒྲིག་ཡོད་པ། དེ་བཞིན་ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གི་རྩ་བའི་ཁེ་ཕན་དང་། ཆེ་མཐོང་། འཕེལ་རྒྱས་ཀྱི་ཐོབ་ཐང་ལ་གུས་བརྩི་ཞུ་བའི་རེ་བ་འཆང་གི་ཡོད་སྐོར་བརྗོད་པ་རེད།
ཨ་རིས་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཁུལ་དེ་དག་ནས་ཐོན་པའི་ཐོན་རྫས་བཀག་སྡོམ་ཡང་བྱས་ཡོད་ཁར། རྒྱ་ནག་གི་དཔོན་པོ་༢༤ ལ་“ཧོང་ཀོང་གི་མང་གཙོ་”གཏོར་བཤིག་གཏོང་མཁན་ཡིན་པར་ངོས་འཛིན་དང་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
