ཨ་རིས་རྒྱ་ནག་ལ་ཉེན་བརྡ་དང་ཨུ་རུ་སུ་དང་མཉམ་ལས་བྱེད་སྲིད་སྐོར་བརྗོད་འདུག
ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོ་དེ་རྒྱ་ནག་གིས་དབང་བསྒྱུར་བྱེད་པར་ཁ་གཏད་གཅག་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་མཚོའི་དེའི་ཐོག་ཏུ་ཡོད་པའི་ཨ་རིའི་ཁེ་ཕན་ཡང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་གསལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་གཞུང་གི་མགྲིན་ཚབ་པ་སྐུ་ཞབས་ཤོན་སེ་ཕེ་སེར་གྱིས་ཐེངས་དང་པོར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་ “གལ་ཏེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་རྒྱ་ནག་གི་བཅོས་མའི་གླིང་ཕྲན་དེ་དག རྒྱལ་སྤྱིའི་མཚོ་ལམ་ཐོག་ཏུ་འཛུགས་སྐྲུན་བྱས་ཡོད་ཚེ། ང་ཚོས་རྒྱལ་སྤྱིའི་ཁེ་ཕན་དེ་རྒྱལ་ཁབ་གཅིག་གིས་དབང་བསྒྱུར་བྱེད་དུ་འཇུག་གི་མིན་”ཞེས་བརྗོད་ཡོད་འདུག
དེ་བཞིན་ཁོང་གིས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་དང་འཐབ་རྒོལ་བྱེད་པར། ཨུ་རུ་སུ་དང་མཉམ་ལས་བྱེད་སྲིད་སྐོར་བརྗོད་ཡོད་འདུག ཁོང་གིས་གསར་འགོད་པ་ཚོར་ “ངས་བསམ་པར་ང་ཚོས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་དང་འཐབ་རྒོལ་བྱེད་པར། ཨུ་རུ་སུ་ཡིན་ནའང་རེད། གཞན་རྒྱལ་ཁབ་སུ་ཡིན་ནའང་། དེ་དག་དང་མཉམ་ལས་བྱེད་ཆོག་གི་རེད། དེ་ནི་ང་ཚོ་དང་ཁོ་ཚོའི་རྒྱལ་ཁབ་ཀྱི་དམིགས་ཡུལ་གཅིག་མཚུངས་རེད།”ཅེས་བརྗོད་ཡོད་འདུག
དེ་བཞིན་ཁོང་གིས་ཊོམ་གྱི་སྲིད་གཞུང་གིས་ཨ་རིའི་ནང་ཁྲིམས་འགལ་གྱི་གནས་སྤོ་བ་དང་། ནག་ཉེས་ཀྱི་ལོ་རྒྱུས་ཡོད་པའི་གནས་སྤོ་བ། དེ་བཞིན་ཐོངས་མཆན་གྱི་དུས་ཚོད་ཡོལ་ཡང་ཨ་རིར་མུ་མཐུད་སྡོད་མཁན་སོགས་ལ་དམིགས་ནས་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། དེ་བཞིན་བདུན་ཕྲག་གཉིས་ཙམ་གྱི་རྗེས་སུ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་འོས་མི་མིང་འདོན་བྱེད་ཐུབ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
སྲིད་འཛིན་ཊོམ་གྱིས་དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་སྐབས་ཁས་ལེན་བྱས་པ་ལྟར། རྒྱལ་ཁབ་བཅུ་གཉིས་ལས་གྲུབ་པའི་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་གྲོས་མཐུན་ལས། ཨ་རི་ཕྱིར་འཐེན་བྱེད་རྒྱུའི་མིང་རྟགས་བཀོད་ནས་སྲིད་འཛིན་གྱི་བཀའ་རྒྱ་བཏང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།