ཨ་རིས་རྒྱ་རིགས་སློབ་མ་དང་ཉམས་ཞིབ་པ་༡༠༠༠ ལས་མང་བའི་ཐོངས་མཆན་ཕྱིར་བསྡུ་བྱས་ཡོད་འདུག
ཟླ་༩ པའི་ཚེས་༩ ཉིན་ཨ་རི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་ཡོད་པའི་དོགས་གཞིའི་འོག ཟླ་༦ པ་ནས་ད་བར་རྒྱ་རིགས་སློབ་མ་དང་ཉམས་ཞིབ་པ་༡༠༠༠ ལས་མང་བའི་ཐོངས་མཆན་ཕྱིར་བསྡུ་བྱས་ཡོད་པའི་གསལ་བསྒྲགས་སྤེལ་འདུག
དེ་ཡང་འདི་ལོའི་ཟླ་༥ པའི་ཟླ་མཇུག་ཏུ་ཨ་རིའི་སྲིད་འཛིན་ཊོམ་གྱིས། རྒྱ་ནག་དམར་ཤོག་ཚོགས་པས་དམག་མིའི་འཕྲུལ་འཆས་དང་ལག་ཆ་སོགས་གོང་འཕེལ་གཏོང་ཆེད་དུ། རྒྱ་རིགས་མཐོ་སློབ་ཀྱི་སློབ་མ་དང་ཉམས་ཞིབ་སློབ་མ་བེད་སྤྱོད་བྱས་ཏེ། ཨ་རིའི་འཕྲུལ་ཆས་དང་རིག་རྩལ་སོགས་གསང་བའི་ཐོག་ནས་རྐུ་ཡི་ཡོད་པས། སློབ་མ་དེའི་རིགས་ཨ་རི་ནས་ཕྱིར་འབུད་གཏོང་རྒྱུ་དང་ཐོངས་མཆན་སྤྲོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཐོངས་མཆན་ཕྱིར་བསྡུ་བྱས་པའི་རྒྱ་རིགས་སློབ་མའི་ཁ་གྲངས་ནི། ཨ་རི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་སློབ་མའི་ཁྱོན་བསྡོམས་ཁ་གྲངས་ནས་ཉུང་ཉུང་ཡིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དམག་གི་སྟོབས་ཤུགས་ཆེ་རུ་གཏོང་བའི་དམིགས་ཡུལ་མི་སྒྲུབ་མཁན་གྱི་དངོས་སུ་སློབ་གཉེར་བྱེད་དུ་ཡོང་མཁན་རྒྱ་རིགས་སློབ་མ་དང་ཤེས་ཡོན་པ་རྣམས་ལ་དགའ་བསུ་ཡོད་སྐོར་བསྒྲགས་འདུག
ད་ལྟའི་ཆར་ཨ་རིའི་ནང་རྒྱ་རིགས་༣༦༩༠༠༠ ཙམ་སློབ་སྦྱོང་བྱེད་ཀྱི་ཡོད་པ་ཚོད་དཔག་བྱེད་ཀྱི་འདུག་པ་དང་། འདས་པའི་ལོ་བཅུ་ཕྲག་གཅིག་ནང་། ཨ་རི་ནང་དུ་ཕྱི་རྒྱལ་སློབ་མ་ཡོངས་ཁུངས་ཆེ་ཤོས་དེ་ཡིན་འདུག
རྒྱ་རིགས་སློབ་མ་ཁག་ཅིག་གིས་གཙུག་ལག་སློབ་ཁང་གི་ཁོར་ཡུག་ནང་དུ། སློབ་མ་གཞན་གྱིས་ཁོ་ཚོར་འཁོན་འཛིན་དང་དོགས་པ་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།