ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་བདག་དབང་རྩོད་ལེན་ཕལ་ཆེ་བ་ཁྲིམས་འགལ་ཡིན་པ་གསལ་བསྒྲགས་བྱས་འདུག 

ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་རྣམ་པ་ཐོན་བཞིན་ཡོད་པའི་ཐོག་ཏུ། ཨ་རི་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཁྱབ་ཁོངས་ཕལ་ཆེ་བ་ཁྲིམས་འགལ་ཡིན་པ་དང་། བདག་དབང་རྩོད་ལེན་བྱེད་མཁན་རྒྱལ་ཁབ་གཞན་ལ་སྡིགས་བསྐུལ་དང་བརྙས་བཅོས་བྱེད་མི་རུང་བའི་གསལ་བསྒྲགས་སྤེལ་འདུག

ཟླ་༧ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༣ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་པཱོམ་པཱེ་ཡིས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཁྱབ་ཁོངས་ཕལ་ཆེ་བ་དང་། དེ་བཞིན་ཁྱབ་ཁོངས་དེ་དག་བདག་བཟུང་བྱེད་ཆེད་དུ་རྒྱལ་ཁབ་གཞན་ལ་བརྙས་བཅོས་བྱེད་བཞིན་པའི་ལས་འགུལ་ཚང་མ་ཁྲིམས་འགལ་ཡིན་པས། ཨ་རིས་ལྷོ་ཤར་ཨེ་ཤི་ཡ་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས། རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས། མཚོའི་ཐོན་ཁུངས་ལ་བདག་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་ཡོད་སྐོར་བསྒྲགས་འདུག 

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཤར་ཐིག་དགུ་ཟེར་བའི་ས་ཁྲ་ཞིག་གཏན་འབེབས་བྱས་ཡོད་པ་དེའི་ནང་གི་ཆུ་དང་ཐོན་ཁུངས་སོགས་ལ།  ལོ་རྒྱུས་དང་ཁྲིམས་ཐོག་ནས་རྒྱ་ནག་ལ་བདག་དབང་ཡོད་པ་རྩོད་ལེན་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་ནག་གིས་རྒྱ་མཚོའི་དེའི་ནང་བཅོས་མའི་གླིང་ཕྲན་བཟོས་ཏེ་དམག་སྒར་བཙུགས་ཡོད་པ་རེད།

ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝེ་ཏི་ནམ་དང་། རྒྱ་ནག ཧྥི་ལི་པིན་སོགས་ཀྱིས་རྩོད་ལེན་བྱེད་ཀྱི་ཡོད་པ་དང། དེ་བཞིན་རྒྱ་མཚོ་དེར་གླིང་ཕྲན་གཉིས་ཡོད་པས། དེ་གཉིས་ཐོག་ལ་ཡང་ལོ་རྒྱུས་ཀྱི་དཔང་པོའི་འོག བདག་དབང་ལ་རྩོད་རྙོག་ཡོང་གི་ཡོད་པ་རེད།

ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སྤེལ་བའི་བསྒྲགས་གཏམ་ནང་དུ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཆེད་དུ་མངགས་ནས་བདེན་པ་དང་མཉམ་འབྲེལ་རྒྱལ་ཁབ་ཀྱི་མཚོ་ཁྲིམས་ཚུད་པའི་རྒྱལ་སྤྱིའི་ཁྲིམས་ལ་ལོག་བཤད་བྱས་ཡོད་པ། ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་གནས་སྟངས་འུར་བཤད་བྱས་ནས། རྒྱ་ནག་དང་མཚོ་འགྲམ་གྱི་རྒྱལ་ཁབ་གཞན་བར་མི་མཐུན་པ་བཟོ་ཐབས་བྱས་ཡོད་པས། ཉེས་འཛུགས་དེ་དག་ལ་དྲང་བདེན་གང་ཡང་མེད་པས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་སྐོར་བསྒྲགས་འདུག 

དཔྱད་བརྗོད་པ་ཁག་ཅིག་གིས། ད་བར་ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་ཁྲོད་དུ་རྒྱ་ནག་གི་བྱ་སྤྱོད་ལ་ཁྲིམས་འགལ་ཡིན་སྐོར་བརྗོད་མེད་པས། ཐེངས་འདིར་ཐག་གཅོད་དེ་འདྲ་བྱས་པ་དེས་ཡུ་རོབ་གཙོས་པའི་རྒྱལ་ཁབ་གཞན་གྱིས་རྒྱ་ནག་ལ་ཁ་གཏད་བཅག་པའི་གནོན་ཤུགས་སླེབས་རྒྱུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།