ཨ་རིས་སོ་སོའི་མི་སེར་རྣམས་ལ་རྒྱ་ནག་དང་ཧོང་ཀོང་ནས་“ཁྲིམས་མེད་ལུགས་མེད་”ཀྱི་འཛིན་བཟུང་ཐེབས་སྲིད་པའི་ཉེན་བརྡ་བཏང་འདུག
རྒྱལ་སྤྱིའི་མཐོང་ལམ་དུ་རྒྱ་ནག་ཉིན་རེ་ལས་མ་འདས་པར་སྒེར་གཅོད་ཅན་དུ་འགྱུར་བཞིན་པའི་སྐབས་འདིར། ཨ་རིས་སོ་སོའི་མི་སེར་རྣམས་ལ་རྒྱ་ནག་དང་ཧོང་ཀོང་ནས་“ཁྲིམས་མེད་ལུགས་མེད་”ཀྱི་འཛིན་བཟུང་བཙོན་འཇུག་ཐེབས་སྲིད་པས། རྒྱ་ནག་དང་ཧོང་ཀོང་ལ་འགྲུལ་བཞུད་བྱེད་མི་ཉན་པ་དང་། སྔར་ནས་དེར་ཡོད་པ་ཚོས་དོགས་ཟོན་ནན་པོ་བྱེད་དགོས་པའི་ཉེན་བརྡ་དང་སྐུལ་མ་བཏང་འདུག
ཨ་རིའི་གཞུང་ནས་ཕྱི་ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་སྤེལ་བའི་འགྲུལ་བཞུད་ཀྱི་ཉེན་བརྡ་གསར་ཤོས་དེའི་ནང་། “རྒྱ་ནག་གམ་ཧོང་ཀོང་དུ་འཚོ་སྡོད་དང་འགྲུལ་བཞུད་བྱེད་མཁན་གྱི་ཨ་རིའི་མི་སེར་རྣམས་ཨ་རིའི་གཞུང་ཚབ་ཁང་གི་ཤེས་རྟོགས་དང་འབྲེལ་གཏུག་མེད་པའི་ཐོག་ནས་འཛིན་བཟུང་ཐེབས་སྲིད་ལ། འོས་ཤིང་འཚམ་པའི་ཁྲིམས་བཤེར་མེད་པར་ཡུན་རིང་བཙོན་འཇུག་དང་འདྲི་གཅོད་གཏོང་སྲིད་”ཅེས་ཉེན་བརྡ་བཏང་འདུག
འགྲུལ་བཞུད་ཀྱི་ཉེན་བརྡ་དེས་ད་དུང་“རྒྱ་ནག་གིས་ཧོང་ཀོང་དུ་ཁྲིམས་མེད་ལུགས་མེད་ཐོག་ནས་ཉེན་རྟོག་པ་དང་། བདེ་འཇགས་ཁྲིམས་བེད་སྤྱོད་བྱེད་ཀྱི་ཡོད་”སྟབས། ཨ་རིའི་མི་སེར་རྣམས་ཧོང་ཀོང་དུ་ཡོད་དུས། “སོ་སོའི་ཁོར་ཡུག་ལ་དོགས་ཟོན་ནན་མོ་བྱེད་དགོས་པ་དང་། ངོ་རྒོལ་ནང་མཉམ་ཞུགས་བྱེད་མི་ཉན་”པའི་སྐུལ་མའང་བཏང་འདུག
པེ་ཅིང་སྲིད་གཞུང་ནས་འདི་ལོའི་ཕྱི་ཟླ་དྲག་པའི་ནང་ཧོང་ཀོང་དུ་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ཞེས་པ་གཏན་ལ་ཕབ་པའི་རྗེས། ཊོམ་སྲིད་གཞུང་ནས་ཟླ་སྔོན་མར་ཧོང་ཀོང་གྲོང་ཁྱེར་“རྒྱལ་ཁབ་གཅིག་དང་། ལམ་ལུགས་གཅིག་”ཏུ་བརྩིས་ནས་གྲོང་ཁྱེར་དེ་དང་ལྷན་དུ་བཞག་པའི་གྲོས་མཐུན་གསུམ་རྩིས་མེད་བཏང་བ་མ་ཟད། ཧོང་ཀོང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ལའང་ཧོང་ཀོང་གི་མང་གཙོ་དང་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་ཡིན་པའི་ཉེས་ཆད་ཀྱང་བཅད་ཡོད།
ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཚོང་དང་། འཕྲུལ་ཆས། ཐའེ་ཝན། བོད། ལྷོ་རྒྱ་ནག་རྒྱ་མཚོ། ཝུའུ་ཧན་ཏོག་དབྱིབས་ནད་ཡམས། ཧོང་ཀོང་ལ་སོགས་པའི་གནད་དོན་སྣ་ཚོགས་ཀྱི་ཐོག་ལ་ལོ་ངོ་བཅུ་ཕྲག་དུ་མའི་ནང་བྱུང་མྱོང་མེད་པའི་འགལ་ཟླ་རབ་དང་རིམ་པ་ཡོང་བཞིན་པར་བརྟེན། ཐེངས་འདིའི་ཉེན་བརྡ་གསར་པ་དེ་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་དེ་དག་སྔར་བས་ཀྱང་ཇེ་སྡུག་དང་ཇེ་ཞན་དུ་གཏོང་བྱེད་ཀྱི་རྒྱུ་རུ་འགྱུར་སྲིད་འདུག
གཞན་ཡང་། དབྱིན་ཇིའི་སྲིད་གཞུང་ནས་ཀྱང་སོ་སོའི་མི་སེར་རྣམས་ལ་རྒྱ་ནག་ནས་“ཁྲིམས་མེད་ལུགས་མེད་”ཀྱི་འཛིན་བཟུང་ཐེབས་པའི་ཉེན་ཁ་ཡོད་པའི་ཉེན་བརྡ་གསར་པ་ཞིག་བཏང་འདུག་སྟེ། དབྱིན་ཇིའི་ཕྱི་འབྲེལ་ལས་ཁུངས་ཀྱི་དྲ་བའི་ཐོག་བཏང་བའི་འགྲུལ་བཞུད་ཀྱི་བསླབ་བྱ་གསར་ཤོས་སུ། “རྒྱ་ནག་སྲིད་གཞུང་གིས་གནས་སྟངས་ངེས་ཅན་འོག་ཏུ་’རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་’ཚུལ་བཤད་དེ་ཕྱི་རྒྱལ་བ་རྣམས་འཛིན་བཟུང་བྱས་ཡོད་པ་ལྟར། དབྱིན་ཇིའི་མི་སེར་རྣམས་ཀྱང་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་བྱེད་པའི་ཉེན་ཁ་ཡོད་”ཅེས་བཀོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།