ཨ་རིས་སླར་ཡང་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་མང་པོའི་གོ་མཚོན་བཙོང་འཆར།
རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། ཨ་རིས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་༧ ལ་ཉེ་བའི་རང་སྲུང་གི་གོ་མཚོན་བཙོང་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་འདུག
ཕྱི་ཟླ་༩ ཚེས་༡༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིས་སླར་ཡང་ཐའེ་ཝན་ལ་ཨ་སྒོར་ས་ཡ་༧ གྱི་གོ་མཚོན་བཙོང་རྒྱུའི་གྲ་སྒྲིག་བྱེད་སྒང་ཡིན་འདུག་པ་དང་། དེ་ནི་ན་ནིང་ཨ་རིས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་༨ ལ་ཉེ་བའི་གོ་མཚོན་བཙོངས་པའི་རྗེས་ཀྱི་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག
ཊོམ་སྲིད་གཞུང་ནས་རྒྱ་ནག་ལ་ཁྱོན་ཡོངས་ནས་ཁ་གཏད་གཅོག་པའི་སྲིད་བྱུས་འཛིན་གྱི་ཡོད་དེ། ཤར་ཏུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནས། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་། ལྷོ་རྒྱ་ནག་རྒྱ་མཚོའི་བྱ་སྤྱོད་བར་གྱི་རྒྱ་ནག་གི་མ་རུང་བའི་བྱེད་སྟངས་རྣམས་ལ་ཨ་རིས་སྐྱོན་བརྗོད་དང་ཡ་ལན་སྣ་ཚོགས་བྱེད་ཀྱི་ཡོད།
རྒྱ་ནག་དང་རྒྱལ་སྤྱིའི་གནས་ཚུལ་ཉམས་ཞིབ་པ་བྷོ་ནིའི-གྷི་ལི་སར་(Bonnie Glaser)གྱིས་བརྗོད་པ་ལྟར་ན། ཐེངས་འདིའི་གོ་མཚོན་ནང་དུ་མཚོ་ནང་གི་འབར་རྫས་(sea mine)དང་། མཚོ་ངོགས་སྲུང་སྐྱོབ་བྱེད་སྤྱད་ཀྱི་མེ་ཤུགས་འཕུར་མདའ། (coastal defence cruise missiles) དེ་བཞིན་རྒྱ་ནག་གི་ཚུར་རྒོལ་འགོག་སྲུང་བྱེད་སྤྱད་ཀྱི་གོ་མཚོན་བཅས་འདུས་ཡོད་འདུག
ཨ་རིའི་གཞུང་ནས་ཐའེ་ཝན་ལ་རིན་གོང་ཆུང་ཞིང་ཕར་ཚུར་འཁྱེར་ཐུབ་པའི་གོ་མཚོན་ཉོ་དགོས་པའི་སྐུལ་མ་བཏང་ནས་ཡུན་རིང་ཕྱིན་ཡོད་འདུག་ཅིང་། གལ་སྲིད་དེ་ལྟར་བྱས་པ་ཡིན་ན། རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་ཐའེ་ཝན་གྱི་མཐའ་དམག་དང་། མཚོ་དམག་གཏོར་བ་མ་ཟད། གློག་ལ་བརྟེན་ནས་སྤྱོད་དགོས་པའི་གོ་མཚོན་རྣམས་བེད་མེད་དུ་བཟོས་ན་ཡང་། འཇབས་དམག་གི་ཐབས་བྱུས་བཀོལ་ནས་རྒྱ་ནག་ལ་ཕར་རྒོལ་བྱེད་ཐུབ།
གོ་མཚོན་ཉོ་ཚོང་གི་གནས་ཚུལ་འདི། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཁེ་ཐི-རཱ་ཆི་(Keith Krach)ཉེ་ཆར་སྐུ་གྲོངས་པའི་ཐའེ་ཝན་གྱི་སྲིད་འཛིན་ལི་ཏུན་ཧེ་(Lee Teng-hui)ཡི་རྗེས་དྲན་མཛད་སྒོའི་ཆེད་ཐའེ་ཝན་དུ་ཕེབས་རྒྱུའི་གཏན་ཁེལ་བའི་རྗེས་སུ་བྱུང་བ་ཡིན་འདུག ཕྱི་ལོ་༡༩༧༩ ལོར་ཨ་རིས་ཐའེ་ཝན་དང་གཞུང་འབྲེལ་བཅད་པ་ན་བཟུང་། ཐའེ་ཝན་དུ་འཚམས་གཟིགས་སུ་ཕེབས་མཁན་གྱི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཆེས་མཐོ་ཤོས་དེ་ཞབས་ཁེ་ཐི-རཱ་ཆི་ཆགས་རྒྱུ་ཡིན་འདུག
དེང་སྐབས་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་གཏོང་བ་དང་། མཚོ་སྟེང་དུ་དམག་ཤུགས་ངོམ་པ་སོགས་བྱས་ཏེ་ཐའེ་ཝན་ལ་འཇིགས་སྐུལ་བྱེད་པ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིས་ཐའེ་ཝན་ལ་གོ་མཚོན་མང་དུ་བཙོང་བཞིན་པ་དེས། ཊོམ་སྲིད་གཞུང་ནས་པེ་ཅིང་ལ་ཨ་རིས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་པ་ཡིན་ན། མཇུག་འབྲས་ཚབས་ཆེན་ཡོད་པའི་ཉེན་བརྡ་བཏང་བ་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།