ཨ་རིས་སླར་ཡང་རྒྱ་ནག་གི་དཔོན་པོ་བཞི་ལ་ཉེས་ཆད་བཏང་འདུག
ཨ་རིས་སླར་ཡང་ཧོང་ཀོང་གི་དཔོན་པོ་བཞི་ལ་ས་ཁུལ་དེ་གའི་མང་གཙོ་དང་རང་དབང་རྡོག་རོལ་བཏང་བའི་ཉེས་ཆད་བཅད་པ་ཡིན་པའི་གསལ་བསྒྲགས་བྱས་འདུག
ཕྱི་ཟླ་ ༡༡ པའི་ཨ་རིའི་ཚེས་ ༩ རེས་གཟའ་ཟླ་བའི་ཉིན་ཨ་རིའི་ནོར་སྲིད་ལས་ཁུངས་(Treasury) དང་། ཕྱི་སྲིད་ལས་ཁུངས་གཉིས་ཀྱིས་ཉེས་ཆད་བཅད་པའི་རྒྱ་ནག་གི་དཔོན་པོ་བཞི་པོ་ངོས་འཛིན་དང་མིང་འདོན་བྱས་འདུག་སྟེ། དེ་དག་བཞི་ནི་ཧོང་ཀོང་དང་མཱ་ཁོའུ་ལས་དོན་ཁང་(the Hong Kong and Macau affairs Office) གི་འགན་འཛིན་གཞོན་པ་ཏིང་ཀྲོང་ཧོ་(Deng Zhonghua) དང་། ཧོང་ཀོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཨེ་ཌི་ཝན་ལོའུ། (Edwina Lau) དེ་བཞིན་གསར་དུ་བཙུགས་པའི་རྒྱ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་ལེ་ཇན་ཀྲོས་(Li Jiangzhou)དང་། ལི་ཁི་ཝ་(Li Kwai-wah) གཉིས་བཅས་རེད་འདུག
ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo)ཡིས་མི་སྣ་དེ་དག་ལ་ཉེས་ཆད་གཅོད་དགོས་པའི་རྒྱུ་མཚན་ནི་ཁོ་ཚོས་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གསར་པ་ལག་བསྟར་བྱས་པས་ཡིན་སྐོར་དང་། ཁོ་ཚོ་ཨ་རིར་ཡོང་མི་ཆོག་པ་དང་། ཨ་རི་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཐའ་དག་བཀག་སྐྱིལ་བྱས་པ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ད་ཐེངས་ཀྱི་ཉེས་ཆད་དང་འབྲེལ་བའི་ཐད་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཁོང་གིས་“བྱ་སྤྱོད་འདི་དག་གིས་ཨ་རིའི་ངོས་ནས་ཧོང་ཀོང་མི་མང་གི་རང་དབང་རྡོག་རོལ་དང་། ཧོང་ཀོང་གི་རང་སྲིད་རང་སྐྱོང་རྩིས་མེད་གཏོང་མཁན་གྱི་མི་སྣ་གཙོ་བོ་རྣམས་རང་དགར་མ་བཞག་པར་ཉེས་ཆད་གཅོད་འདོད་པའི་ཆོད་སེམས་གསལ་པོར་སྟོན་གྱི་ཡོད་”ཅེས་གསུངས་འདུག
ཐེངས་འདིའི་ཉེས་ཆད་ནི། བདུན་ཕྲག་གོང་མའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་མང་གཙོ་ཚོགས་པའི་འོས་མི་རྗོ་བྷའེ་ཌན་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་ཨ་རིས་རྒྱ་ནག་ལ་བཏང་བའི་ཉེས་ཆད་ཐོག་མ་དེ་ཡིན་འདུག དུས་རྒྱུན་གྱི་ལུགས་སྲོལ་ལྟར་ན། རྗོ་བྷའེ་ཌན་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ཚེས་༢༠ ཉིན་དངོས་སུ་སྲིད་འཛིན་དུ་འགྱུར་རྒྱུ་ཡིན་རུང་། ད་ལྟའི་ཆར་ལས་ཐོག་སྲིད་འཛིན་ཊོམ་གྱིས་འདི་ལོའི་འོས་བསྡུ་དེ་ཁྲིམས་མཐུན་དང་དྲང་པོ་ཞིག་ཆགས་མེད་ཚུལ་བརྗོད་དེ་ཕམ་པ་ངོས་ལེན་གནང་མེད།
སྲིད་འཛིན་ཊོམ་གྱིས་འདས་པའི་ལོ་ངོ་བཞི་ལ་སྲིད་དབང་བཟུང་བའི་རིང་། ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་ཚོང་ལས་དང་། ཧོང་ཀོང་། ལྷོ་རྒྱ་ནག་རྒྱ་མཚོ། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19) ལ་སོགས་པའི་གནད་དོན་སྣ་ཚོགས་ཀྱི་ཐོག་ནས་འགལ་ཟླ་རྒྱུན་མི་ཆད་པར་བྱུང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་ལོ་ངོ་བཅུ་ཕྲག་མང་པོའི་ནང་གི་ཚད་གཞི་ཆེས་དམའ་ཤོས་སུ་བསླེབས་ཡོད། འོན་ཀྱང་། པེ་ཅིང་སྲིད་གཞུང་དང་རྒྱ་ནག་གི་མཁས་པ་ཚོས་རྗོ་བྷའེ་ཌན་གྱི་རྒྱལ་ཁ་ལ་བརྟེན་ན་ཨ་རྒྱའི་འགལ་བ་ལྷོད་དུ་འགྲོ་བའི་རེ་བ་དང་སྔོན་དཔག་བྱེད་ཀྱིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།