ཨ་རིས་ཧོང་ཀོང་བ་རྣམས་ལ་“གནས་སྐབས་ཀྱི་བདེ་འཇགས་གནས་ཡུལ་”ཞིག་མཁོ་སྤྲོད་བྱེད་རྒྱུ་རེད་འདུག
རྒྱ་ནག་གིས་ཧོང་ཀོང་གི་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྟེན། ཧོང་ཀོང་བ་སྟོང་ཕྲག་མང་པོ་ལ་“གནས་སྐབས་ཀྱི་བདེ་འཇགས་གནས་ཡུལ་”ཞིག་མཁོ་སྤྲོད་བྱེད་ཀྱི་ཡིན་ཞེས་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་གསུངས་འདུག
དེ་རིང་སྟེ་ཕྱི་ཟླ་༨ ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས། རྒྱ་ནག་གིས་ཧོང་ཀོང་གི་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་བརྟེན་ནས་ཧོང་ཀོང་བ་རྣམས་ཟླ་བ་༡༨ རིང་ཨ་རིར་སྡོད་དུ་འཇུག་གི་ཡིན་ཞེས་གསུངས་ཡོད་འདུག་པས། སྲིད་འཛིན་གྱི་ཐག་གཅོད་དེས་ཨ་རིར་འབྱོར་ཟིན་པའི་ཧོང་ཀོང་བ་སྟོང་ཕྲག་མང་པོར་ཕན་ཐོགས་ཡོང་སྲིད་འདུག
རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་༦ པའི་ནང་ཧོང་ཀོང་གྲོང་ཁྱེར་དུ་“རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་དེ་བེད་སྤྱོད་བཏང་ནས་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་པ། རང་དབང་འཐབ་རྩོད་པ། རང་དབང་ཅན་གྱི་གསར་འགོད་པ་རྣམས་ཉེས་མིང་སྣ་ཚོགས་འོག་ནས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ཧོང་ཀོང་གི་རང་དབང་རྨང་ནས་རྩ་མེད་བཏང་།
སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གིས་ཧོང་ཀོང་གི་མང་གཙོའི་ལམ་ལུགས་རྩ་གཏོར་དང་། གསར་འགོད་རང་དབང་རྡོག་རོལ། ཤེས་ཡོན་རང་དབང་ཚད་བཀག་བཅས་བཟོ་བཞིན་ཡོད་ཅེས་གསུངས་པའི་ཐོག ཁྲིམས་གསར་པའི་འོག་ནས་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་པ་བརྒྱ་ལྷག་འཛིན་བཟུང་དང་བཙོན་འཇུག་བྱས་པའི་གནས་ཚུལ་གསལ་འདོན་གནང་འདུག
ཝ་ཤིན་ཏྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལོའུ་ཕན་ཡོའོ་(Liu Pengyu) ཡིས། ཨ་རིའི་བྱ་སྤྱོད་དེས་“རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་། གནས་ཚུལ་དངོས་ལ་འཁྱོག་བཤད་བྱས་པ་ཞིག་ཡིན་”ཞེས་བརྗོད་དེ་ཨ་རི་ལ་སྐྱོན་བརྗོད་བྱས་འདུག
རྒྱལ་ཁབ་སུ་ཞིག་གིས་རྒྱ་ནག་གི་དྲག་པོའི་དབང་སྒྱུར་འོག་ཏུ་ཡོད་པའི་བོད་དང་། ཤར་ཏུར་ཀི་སི་ཐན(ཤིང་ཅང་།)། ཧོང་ཀོང་། དེ་བཞིན་ཐའེ་ཝན་བཅས་ཀྱི་གནད་དོན་སྐོར་ལ་གླེང་སློང་བྱས་ན། རྒྱ་ནག་གིས་དེ་ནི་“རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་”པ་ཡིན་ཟེར་བ་དང་། དེ་“རྒྱལ་སྤྱིའི་ཁྲིམས་དང་ལམ་ལུགས་དང་འགལ་ཡོད་”ཟེར་བ་ནི་ཆེས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད།
རྒྱ་ནག་གཞུང་གིས་ཧོང་ཀོང་དུ་དྲག་གནོན་བྱེད་འགོ་བརྩམས་པ་ནས་བཟུང་། ཨ་རིར་སློབ་གཉེར་བྱེད་བཞིན་པའི་ཧོང་ཀོང་བ་རྣམས་ཕྱིར་ཧོང་ཀོང་དུ་ལོག་རྒྱུར་ཐེ་ཚོམ་དང་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་སྟབས། ཁོ་ཚོས་བྷ་ཌན་སྲིད་གཞུང་གི་ཐག་གཅོད་གསར་ཤོས་དེར་དགའ་བསུ་ཆེན་པོ་ཞུ་བཞིན་ཡོད་འདུག་སྟེ། ཨ་རིར་ཡོད་པའི་ཞིབ་འཇུག་སློབ་མ་མེ་གྷེ-ཤོམ་(Maggie Shum) གྱིས་“བྷ་ཌན་གྱི་ང་ཚོ་[ཧོང་ཀོང་བ་)མི་སྐྱུར་བའི་ཐག་གཅོད་དེར་ང་རང་ཤིན་ཏུ་དགའ་པོ་བྱུང་སོང་། ཨ་རིས་ང་ཚོ་མ་བསྐྱུར་བ་རེད་”ཅེས་བརྗོད་འདུག
སྔོན་ཆད་ཧོང་ཀོང་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”སམ། རང་སྲིད་རང་སྐྱོང་གིས་གནས་ཐུབ་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན་ན་ཡང་། ད་ལྟ་ཧོང་ཀོང་གི་གནས་བབ་དེ་རྒྱ་ནག་ལ་ཡིད་ཆེས་དང་བློ་གཏད་བྱེད་མི་ཉན་པའི་དཔང་རྟགས་ཤིག་ཏུ་འགྱུར་བཞིན་ཡོད་པར་བརྟེན། ཧོང་ཀོང་བ་ཁྲི་སྟོང་མང་པོས་སོ་སོའི་ཁྱིམ་གཞིས་བསྐྱུར་ནས་དབྱིན་ཇི་དང་ཨ་རིས་གཙོས་པའི་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།