ཨ་རིས་ཧོང་ཀོང་“རྒྱལ་ཁབ་གཅིག་ལ། ལམ་ལུགས་གཅིག་”གི་འོག་ཏུ་ཡོད་པ་བརྩི་རྒྱུ་ཡིན་ཟེར། 

ཨ་རིས་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་རྩིས་མེད་བཏང་བ་དང་། ཧོང་ཀོང་ “རྒྱལ་ཁབ་གཅིག་ལ། ལམ་ལུགས་གཅིག་”ཏུ་བརྩི་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག་པ་དང་། དེ་ནི་ཨ་རིས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཀྱི་མིང་ཐོག་ནས་ཧོང་ཀོང་གི་མང་གཙོ་དང་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་པེ་ཅིང་སྲིད་གཞུང་ལ་ཁ་གཏད་གཅོག་བྱེད་ཀྱི་ཐབས་བྱུས་གསར་ཤོས་དེ་ཆགས་ཡོད་འདུག 

དེ་ཡང་ཕྱི་ཟླ་བརྒྱད་པའི་ཨ་རིའི་ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རིས་ཧོང་ཀོང་གྲོང་ཁྱེར་“རྒྱལ་ཁབ་གཅིག་དང་། ལམ་ལུགས་གཅིག་”ཏུ་བརྩིས་ནས་དེ་སྔོན་གྲོང་ཁྱེར་དེ་དང་ལྷན་དུ་བཞག་པའི་གྲོས་མཐུན་གསུམ་རྩིས་མེད་བཏང་བ་ཡིན་ཞེས་བཀོད་འདུག 

ཕྱི་ཟླ་ ༦ པའི་ཟླ་སྨད་དུ་པེ་ཅིང་སྲིད་གཞུང་ནས་ཧོང་ཀོང་དུ་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པའི་རྩོད་རྙོག་ཆེ་བའི་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་རྗེས། ཊོམ་སྲིད་གཞུང་ནས་ཟླ་སྔོན་མར་ཨ་རིས་ད་བར་ཧོང་ཀོང་གྲོང་ཁྱེར་ལ་ཚོང་དང་འབྲེལ་བའི་དམིགས་བསལ་གྱི་ཐོབ་ཐང་མང་པོ་ཞིག་སྤྲོད་བཞིན་པ་རྣམས་མཚམས་བཞག་པ་མ་ཟད། སྤྱི་ཁྱབ་དཔོན་ཁཱ་ར་ལམ་(Carrie Lam) གྱིས་གཙོས་པའི་ཧོང་ཀོང་གི་འགོ་ཁྲིད་ལས་ཐོག་དང་། ཟུར་བ་ ༡༡ ལ་གྲོང་ཁྱེར་དེའི་ཆབ་སྲིད་ཀྱི་རང་དབང་རྩ་མེད་གཏོང་མཁན་ཡིན་པའི་ཉེས་ཆད་ཀྱང་བཅད་ཡོད།

ད་ཐེངས་ཨ་རིའི་གཞུང་ནས་རྩིས་མེད་བཏང་བའི་གྲོས་མཐུན་གསུམ་གྱི་ནང་དུ་“གྲོས་བྱོལ་དུ་ཡོང་བའི་ཉེས་ཅན་པ་ཕྱིར་སློག་པ་དང་། ཁྲིམས་ཐག་བཅད་ཟིན་པའི་བཙོན་པ་ཕྱིར་རྩིས་སྤྲོད་པ། དེ་བཞིན་རྒྱལ་སྤྱིའི་གྲུ་གཟིངས་ཀྱི་ཚོང་གཉེར་ལས་བྱུང་བའི་ཡོང་སྒོ་རྣམས་ལ་དཔྱ་ཁྲལ་མེད་པར་གུ་ཡངས་གཏོང་རེས་བྱེད་པའི་ལམ་ལུགས་”བཅས་འདུས་ཡོད་འདུག 

ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྩིས་ལེན་རྩིས་སྤྲོད་བྱེད་སྐབས། པེ་ཅིང་གིས་ཧོང་ཀོང་དུ་ལོ་ ༥༠ རིང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་ཁས་ལེན་བྱས་ཀྱང་། ལོ་ ༢༣ གྱི་རྗེས་སུ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་གཏན་ལ་ཕབ་ནས་ཧོང་ཀོང་རྒྱ་ནག་གི་གྲོང་ཁྱེར་གཞན་དག་དང་གཅིག་མཚུངས་སུ་བསྒྱུར་ཡོད། 

ཨ་རིའི་ཐག་གཅོད་གསར་ཤོས་འདི་དང་འབྲེལ་བའི་ཐད་ལ། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མོར་གྷན-ཨོར་ཋ་གྷོ་(Morgan Ortagus) ཡིས་“སྲིད་འཛིན་ཊོམ་གྱིས་ཨ་རིའི་ངོས་ནས་ཧོང་ཀོང་‘རྒྱལ་ཁབ་གཅིག་ལ། ལམ་ལུགས་གཅིག་’ཏུ་བརྩི་བ་དང་། ཧོང་ཀོང་མི་མང་གི་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་ཚོ་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་གསལ་པོ་བཟོས་ཡོད་”ཅེས་བརྗོད་འདུག 

སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་ཚོང་ལས་དང་འཕྲུལ་ཆས། བོད་དང་ཐའེ་ཝན། ལྷོ་རྒྱ་ནག་རྒྱ་ཚོ་དང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ནས་རྩོད་རྙོག་དང་འགལ་བ་ཡོང་བཞིན་པའི་དུས་ཚོད་འདིར། རེས་གཟའ་ལྷག་པའི་ཐག་གཅོད་དེ་ནི་ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དུ་དམིགས་ནས་བྱས་པའི་བྱ་སྤྱོད་གསར་ཤོས་དེ་ཆགས་ཡོད་འདུག 

གཞན་ཡང་། ཨ་རིའི་གཞུང་གི་སྒྲིག་ལམ་གསར་པ་ཞིག་གི་འོག འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༥ ནས་བཟུང་ཧོང་ཀོང་ནས་བཟོས་ཏེ་ཨ་རྒྱ་ལ་ཕྱིར་འདྲེན་བྱེད་རྒྱུའི་ཅ་དངོས་རྣམས་ལ་རྒྱ་ནག་ནས་བཟོས་པ་ཡིན་(Made in China)ཞེས་པའི་མིང་བྱང་སྦྱར་དགོས་པ་བཟོས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།