ཨ་རིས་ཨི་ཟེ་རིལ་ལ་དམག་གི་འགྲོ་གྲོན་ཆེད་རོགས་སྐྱོར་འཕོན་ཆེན།
ཨ་རིས་རང་ཉིད་ཀྱི་དཀྱིལ་ཤར་ཡུལ་གྲུའི་མཐུན་ཕྱོགས་རྒྱལ་ཁབ་ཨི་ཟེ་རིལ་ལ། དམག་གི་འགྲོ་གྲོན་ཆེད་ཨ་སྒོར་ཐེར་འབུམ་༣༨ སྤྲོད་རྒྱུ་ཡིན་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་ནང་རྒྱལ་ཁབ་གཞན་ལ་དམག་གི་འགྲོ་གྲོན་སྤྲད་པ་འཕོན་ཆེ་ཤོས་དེ་ཡིན་འདུག
དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཨ་རིས་ཨི་ཟེ་རིལ་ལ་ལོ་བཅུའི་རིང་གི་ལོ་རེར་དམག་གི་འགྲོ་གྲོན་ཆེད་ཨ་སྒོར་ཐེར་འབུམ་༣.༡ རེ་སྤྲོད་པའི་ཆོད་གན་དེ་ཕྱི་ལོ་༢༠༡༨ ལོར་དུས་ཚོད་རྫོགས་ཀྱི་ཡོད་པས། དེ་སྔོན་ཟླ་༡༠ ཡི་རིང་ཕྱོགས་གཉིས་གྲོས་བསྡུར་ཐེངས་མང་བྱས་ནས། ཕྱི་ལོ་༢༠༡༨ ཡི་རྗེས་སུ་ལོ་༡༠ ཡི་རིང་ཨ་སྒོར་ཐེར་འབུམ་༣༨ སྤྲོད་རྒྱུར་མོས་མཐུན་བྱུང་ཡོད་འདུག
གན་རྒྱ་དེའི་ནང་ཨི་ཟེ་རིལ་གྱིས་ལོ་རེར་མོས་མཐུན་བྱུང་བའི་གྲངས་འབོར་དེ་ལས་འཕར་མ་ཞུ་མི་ཆོག་པ་དང་། དེ་བཞིན་རོགས་སྐྱོར་གྱི་དངུལ་གྱིས་དམག་གི་ཡོ་བྱད་ཉོ་སྐབས། ཨ་རིའི་དམག་གི་ཚོང་ལས་སྡེ་ཚན་ནས་ཉོ་དགོས་པ་ལས་དམག་གི་ཚོང་ལས་སྡེ་ཚན་གཞན་ནས་ཉོ་ཆོག་གི་མེད་པ་དང་། ཨི་ཟེ་རིལ་གྱིས་རོགས་དངུལ་དེའི་ཆ་ཤས་ཁག་ཅིག་རྒྱལ་ནང་གི་དམག་གི་ཚོང་ལས་སྡེ་ཚན་ལ་གཏོང་རྒྱུའི་འདོད་པ་ཡོད་འདུག་ཀྱང་། དེ་ལྟར་བྱུང་མེད་པས། ཨི་ཟེ་རིལ་གྱི་སྲིད་འཛིན་སྐུ་ཞབས་བྷེན་ཇ་མེན་གྱིས་ཨ་རིའི་སྲིད་འཛིན་རྗེས་མ་དང་གན་རྒྱ་དེ་ལས་ཡག་པ་འཇོག་ཐབས་བྱེད་སྲིད་སྐོར་གྱི་བརྡ་བཏང་ཡོད་འདུག
ཨི་ཟེ་རིལ་དེ་ཉིད་ཨ་རིའི་མཐུན་འགྱུར་ལེན་མཁན་ཤུགས་ཆེན་ཞིག་ཡིན་པ་དང་མཐུན་འགྱུར་མང་ཆེ་བ་དམག་གི་མཐུན་འགྱུར་ཡིན་པ་རེད། དེ་ཡང་ལུང་པ་དེ་དང་ཁྱིམ་མཚེས་རྒྱལ་ཁབ་པེ་ལི་སེ་ཐན་སོགས་དང་འབྲེལ་བ་ཡག་པོ་མེད་ཁར། རྩོད་རྙོག་མང་པོ་འབྱུང་གི་ཡོད་པས་རེད་འདུག
དེ་བཞིན་གན་རྒྱ་དེའི་ནང་ཨི་ཟེ་རིལ་གྱིས་མེ་ཤུགས་འཕུར་མདའ་བཀག་འགོག་གི་མཚོན་ཆར་ལོ་རེར་ཨ་སྒོར་ས་ཡ་༥༠༠ རག་གི་ཡོད་པ་ཚུད་ཀྱི་ཡོད་འདུག
ཕྱི་ལོ་༢༠༡༥ ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨི་རན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉེས་ཆད་སོགས་ཡང་དུ་གཏོང་རྒྱུའི་གན་རྒྱ་བཞག་ཡོད་པར། ཨི་ཟེ་རིལ་གྱི་སྲིད་འཛིན་གྱིས་ཨ་རིའི་གྲོས་ཚོགས་ལ་གན་རྒྱ་དེ་བཀག་འགོག་བྱེད་ཆེད་དུ་ཞུ་གཏུག་བྱས་པས། སྲིད་འཛིན་གཉིས་ཀྱི་བར་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་འདུག་ཀྱང་། ཉེ་ཆར་ཨོ་བྷ་མའི་སྲིད་གཞུང་ལ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཨི་ཟེ་རིལ་ལ་རྒྱབ་སྐྱོར་མཐུན་འགྱུར་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་འདུག་པས། ཐེངས་འདིར་སྐྱོན་བརྗོད་དེ་དག་བདེན་པ་མིན་པ་གསལ་སྟོན་བྱེད་ཐབས་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།