ཨ་རིས་ཨི་རན་ཐོག་བཏང་བའི་དཔལ་འབྱོར་ཉེས་ཆད་དེ་བསྐྱར་དུ་གཏོང་དགོས་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་གཅིག་མ་གཏོགས། གཞན་ཚང་མས་ཨ་རིས་རྒྱལ་ཚོགས་ཀྱི་ཨི་རན་ཐོག་དཔལ་འབྱོར་ཉེས་ཆད་བསྐྱར་དུ་གཏོང་དགོས་པའི་ཨུ་ཚུགས་བྱས་པར་དགག་བྱ་ཆེན་པོ་བྱས་ཏེ། ཨ་རིར་ཕམ་ཁ་བྱུང་ཡོད་འདུག 

ཟླ་༨ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨི་རན་གྱིས་རྡུལ་མཚོན་བཟོ་སྐྲུན་གྱི་གྲོས་ཆོད་ཀྱི་ཆ་རྐྱེན་རྣམས་ལག་བསྟར་བྱེད་ཀྱི་མེད་པས། དེ་སྔོན་གྲོས་ཆོད་དེ་མ་བཞག་པའི་སྔོན་དུ། མཉམ་འབྲེལ་རྒྱལ་ཁབ་ནས་ཨི་རན་ཐོག་བཏང་བའི་དཔལ་འབྱོར་ཉེས་ཆད་དེ་བསྐྱར་དུ་གཏོང་དགོས་སྐོར་བརྗོད་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཁབ་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་བཅོ་ལྔ་ནས་ཨ་རི་དང་(Dominican Republic) གཉིས་མ་རྩིས་པས། ཚོགས་མི་རྒྱལ་ཁབ་གཞན་༡༣ ཆ་ཚང་གིས་ཨ་རིའི་བྱ་སྤྱོད་དེར་དགག་བྱ་བྱས་འདུག 

ཨ་རིས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་མིན་ལ་མ་ལྟོས་པར། དཔལ་འབྱོར་ཉེས་ཆད་ཀྱི་ལས་དོན་དེ་ཉིན་གྲངས་༣༠ རྗེས་སུ་མགོ་འཛུགས་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག ཨ་རིར་དགག་བྱ་བྱེད་མཁན་རྒྱལ་ཁབ་ཚོས་བརྗོད་དོན་ལྟར་ན། ཊོམ་སྲིད་གཞུང་གིས་ལོ་གཉིས་སྔོན་ལ་ཨི་རན་དང་ཨ་རི་བར་བཞག་པའི་རྡུལ་མཚོན་གྱི་གྲོས་ཆོད་དེ་ནས་ཕྱིར་འཐེན་བྱས་ཟིན་པས། ཐེངས་འདིར་གྲོས་ཆོད་དེ་དང་འབྲེལ་བའི་དཔལ་འབྱོར་ཉེས་ཆད་བསྐྱར་དུ་གཏོང་དགོས་སྐོར་བརྗོད་པ་ནི་ཁྲིམས་མཐུན་མིན་སྐོར་བརྗོད་བཞིན་འདུག 

ཚེས་༢༥ ཉིན་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སུ། ཚོགས་མི་རྒྱལ་ཁབ་ཨུ་རུ་སུ་དང་རྒྱ་ནག་གིས། ལྷན་ཚོགས་ཀྱི་ཚོགས་གཙོ་ཨེན་ཌོ་ནི་ཤའི་སྐུ་ཚབ་ལ་ཨ་རིའི་བྱ་སྤྱོད་དེའི་ཐོག་དྲི་བ་དྲིས་འདུག་པ་དང་། ཁོང་གིས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ལ་ཨ་རིས་སྒྲུབ་ཐབས་བྱེད་བཞིན་པའི་ལས་དོན་དེ་མུ་མཐུད་ནས་ལས་དོན་སྤེལ་བའི་གནས་སྟངས་མེད་སྐོར་བརྗོད་འདུག་པས། ཨ་རིའི་སྐུ་ཚབ་ཀྱིས་ཨ་རིའི་ལས་དོན་ལ་དགག་བྱ་བྱེད་མཁན་རྒྱལ་ཁབ་ཚོས་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག 

གནད་དོན་དེ་དང་འབྲེལ་ནས་ཨི་རན་གྱི་སྲིད་འཛིན་ཧཱ་སན་རའོ་ཧཱ་ནི་ཡིས། ཨ་རིས་ཨི་རན་ཐོག་ཏུ་གནོན་ཤུགས་ཤུགས་ཆེན་སྤྲོད་ཐབས་བྱེད་པའི་ལས་དོན་དེར་ཕམ་ཁ་བྱུང་ཡོད་པ་དང་། ཨི་རན་སྲིད་གཞུང་འགྱུར་བ་གཏོང་ཆེད་དུ་མི་མང་ངོ་རྒོལ་བྱེད་དུ་བཅུག་པ་དེ་ཡང་གྲུབ་འབྲས་ཐོན་མེད་པས། ཨ་རིས་ཐབས་ལམ་དེ་ཚོས་གྲུབ་འབྲས་ཐོན་གྱི་མེད་པ་ངེས་ཤེས་བརྙེད་ཡོད་པས། གལ་ཏེ་ཨ་རིས་དགོངས་སེང་ཞུས་ནས་རྡུལ་མཚོན་གྱི་གྲོས་ཆོད་ལ་ཕྱིར་འཛུལ་ཡོང་ཚེ་གྲོས་མཐུན་ཞིག་འབྱུང་སྲིད་སྐོར་དང་། དེ་བཞིན་ཨ་རིའི་སྲིད་གཞུང་སྐབས་རྗེས་མ་དེས་ཨི་རན་ཐོག་གི་སྲིད་བྱུས་འགྱུར་བ་གཏོང་བའི་རེ་བ་རྒྱག་གི་ཡོད་སྐོར་བརྗོད་འདུག

སྲིད་འཛིན་ཊོམ་གྱིས་ཚེས་༢༣ ཉིན་གལ་ཏེ་ཁོང་སྲིད་འཛིན་དུ་བསྐྱར་འདེམས་བྱུང་ཚེ། བདུན་ཕྲག་བཞིའི་ནང་ཨི་རན་དང་གྲོས་མཐུན་འཇོག་ཐུབ་པ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག 

ཕྱི་ལོ་༢༠༡༥ ལོར་ཨི་རན་རྒྱལ་ཁབ་ཀྱིས་རྡུལ་མཚོན་བཟོ་སྐྲུན་ལས་གཞི་མཚམས་འཇོག་ཡོང་ཆེད་དང་། དཀྱིལ་ཤར་ཡུལ་གྲུའི་ནང་མཚོན་ཆ་མཁོ་སྒྲུབ་ཀྱི་འགྲན་སྡུར་དང་དམག་འཁྲུག་གི་ཉེན་ཚབས་ཆུང་དུ་གཏོང་ཆེད། ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། འཇར་མན། རྒྱ་ནག ཨུ་རུ་སུ་བཅས་དང་ཨི་རན་བར་གྲོས་མཐུན་ཞིག་བཞག་ནས་མིང་རྟགས་བཀོད་ཡོད་པ་དང་། དེའི་ནང་ཨི་རན་གྱིས་ལོ་༡༥ བར་རྡུལ་མཚོན་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ་དང་། རྡུལ་མཚོན་བཟོ་སྐྲུན་དགོས་མཁོ་ཆེ་བའི་གཏེར་ཁ་ཡུ་རན་ནེམ་གསོག་འཇོག་ཚད་བཀག་བཟོ་རྒྱུ་ཁས་ལེན་བྱེད་དགོས་པ་དང་། དེ་དང་བསྟུན་ནས་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་ལ་བཀལ་བའི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག་ཀྱང་། ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་བདམས་ཐོན་བྱུང་བ་ནས་བཟུང་། གྲོས་མཐུན་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་། དེ་བཟོ་བཅོས་མ་བྱས་ཚེ་ཨ་རི་ཕྱིར་འཐེན་བྱ་རྒྱུའི་སྡིགས་ར་ཐེངས་མང་བསྐུལ་ཡོད་པ་ལྟར། ཕྱི་ལོ་༢༠༡༨ ལོར་ཟླ་༥ པའི་ཚེས་༨ ཉིན་སྲིད་འཛིན་ཊོམ་གྱིས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་རེ་སྐུལ་ལ་མ་ལྟོས་པར། ཨ་རི་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།