ཨ་རིས་ཨི་རན་དཔལ་འབྱོར་ཉེས་ཆད་ཀྱིས་བཙིར་ཐབས་བྱེད་བཞིན་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་སྲིད་གཞུང་གིས། ཨི་རན་རྒྱལ་ཁབ་ལ་དཔལ་འབྱོར་གྱི་ཉེས་ཆད་ནན་པོ་བཏང་ནས། རྒྱལ་ཁབ་དེའི་རྡུལ་མཚོན་དང་མེ་ཤུགས་འཕུར་མདའི་ལས་གཞི་འགོག་ཐབས་དང་། དཀྱིལ་ཤར་ཡུལ་གྲུའི་ནང་ཨི་རན་གྱི་དབང་ཤུགས་ཆུང་དུ་གཏོང་ཐབས་བྱེད་བཞིན་ཡོད་འདུག
ཟླ་༡༡ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨི་རན་གྱི་རྡུལ་མཚོན་གྲོས་མཐུན་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་། དེ་བཟོ་བཅོས་མ་བྱས་ཚེ་ཨ་རིས་ཕྱིར་འཐེན་བྱ་རྒྱུའི་སྡིགས་སྐུལ་ཐེངས་མང་བསྐུལ་ཡོད་པ་ལྟར། ཟླ་༥ པའི་ཚེས་༨ ཉིན་གྲོས་མཐུན་དེའི་ནང་མིང་རྟགས་བཀོད་མཁན་རྒྱལ་ཁབ་གཞན་གྱི་རེ་སྐུལ་ལ་མ་ལྟོས་པར་དངོས་སུ་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། ཟླ་༡༡ པའི་ཚེས་༥ ཉིན་ཨི་རན་ལ་དཔལ་འབྱོར་གྱི་ཉེས་ཆད་ནན་པོ་བཏང་ནས། བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་བཞིན་པ་ལྟར། དཔལ་འབྱོར་གྱི་གནོན་ཤུགས་འོག་ཨི་རན་གྱི་རྡུལ་མཚོན་ལས་གཞི་མཚམས་འཇོག་ཡོང་ཐབས་བྱེད་འགོ་བཙུགས་འདུག
དེ་ཡང་ཕྱི་ལོ་༢༠༡༥ ལོར་ཨི་རན་རྒྱལ་ཁབ་ཀྱིས་རྡུལ་མཚོན་བཟོ་སྐྲུན་ལས་གཞི་མཚམས་འཇོག་ཡོང་ཆེད་དང་། དཀྱིལ་ཤར་ཡུལ་གྲུའི་ནང་མཚོན་ཆ་མཁོ་སྒྲུབ་ཀྱི་འགྲན་སྡུར་དང་དམག་འཁྲུག་གི་ཉེན་ཚབས་ཆུང་དུ་གཏོང་ཆེད། ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། འཇར་མན། རྒྱ་ནག ཨུ་རུ་སུ་བཅས་དང་ཨི་རན་བར་གྲོས་མཐུན་ཞིག་བཞག་ནས་མིང་རྟགས་བཀོད་ཡོད་པ་དང་། དེའི་ནང་ཨི་རན་གྱིས་ལོ་༡༥ བར་རྡུལ་མཚོན་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ་དང་། རྡུལ་མཚོན་བཟོ་སྐྲུན་དགོས་མཁོ་ཆེ་བའི་གཏེར་ཁ་ཡུ་རན་ནེམ་གསོག་འཇོག་ཚད་བཀག་བཟོ་རྒྱུ་ཁས་ལེན་བྱེད་དགོས་པ་དང་། དེ་དང་བསྟུན་ནས་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་ལ་བཀལ་བའི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག་པས། ཨ་རིས་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱས་ཏེ། ཨི་རན་ལ་དཔལ་འབྱོར་གྱི་ཉེས་ཆད་གཏོང་འགོ་བཙུགས་འདུག འོན་ཀྱང་གྲོས་མཐུན་ནང་མིང་རྟགས་བཀོད་མཁན་རྒྱལ་ཁབ་ཚོས་གྲོས་མཐུན་དེར་མུ་མཐུད་བརྩི་འཇོག་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག
ཨ་རིས་རྒྱལ་སྤྱིའི་ནང་ཨི་རན་གྱི་རྡོ་སྣུམ་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཚོར་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུ་ཡིན་འདུག་པས། ད་ལྟའི་ཆར་རྒྱལ་ཁབ་༢༠ ཡིས་ཨི་རན་ནང་རྡོ་སྣུམ་ནང་འདྲེན་གྱི་ལས་གཞི་ཆ་ཚང་མཚམས་འཇོག་བྱས་ཟིན་འདུག་ཀྱང་། རྒྱ་ནག་དང་རྒྱ་གར། ལྷོ་ཀོ་རི་ཡ། ཉི་ཧོང་། ཨི་ཊ་ལི། གྷེ་རི་སེ། ཐའེ་ཝན། ཏུར་ཀི་བཅས་རྒྱལ་ཁབ་བརྒྱད་ཀྱིས་མུ་མཐུད་ནས་ཨི་རན་ནས་རྡོ་སྣུམ་ཉོ་བཞིན་ཡོད་འདུག་པ་དང་། དེའི་ཐོག་ཨ་རིས་རྒྱལ་ཁབ་བརྒྱད་པོ་དེས་དཔལ་འབྱོར་ཉེས་ཆད་མེད་པར་ཉིན་གྲངས་༡༨༠ རིང་ཉོ་ཆོག་གི་ཡོད་སྐོར་བརྗོད་འདུག
ཟླ་༤ པའི་ནང་ཨི་རན་གྱི་རྡོ་སྣུམ་ཕྱིར་འདྲེན་ཉིན་རེར་ལྕགས་ཟོམ་ས་ཡ་༢.༨ རེ་བྱེད་ཀྱི་ཡོད་ཀྱང་། དེ་འི་རྗེས་སུ་ཨ་རིའི་སྡིགས་སྐུལ་ལ་བརྟེན་ནས་ཉིན་རེར་ལྕགས་ཟོམ་ས་ཡ་༡.༨ རེ་ཕྱིར་འདྲེན་བྱེད་ཀྱི་ཡོད་འདུག དེ་ཡང་རྒྱལ་ཁབ་༢༠ ཡིས་ཨི་རན་ནས་རྡོ་སྣུམ་ཉོ་རྒྱུ་ཆ་ཚང་མཚམས་འཇོག་བྱས་རྐྱེན་གྱིས་རེད་འདུག
ཨི་རན་གཞུང་གི་ཡོང་འབབ་གཙོ་བོ་ཞིག་ནི་རྡོ་སྣུམ་ཕྱིར་འདྲེན་ནས་ཡོང་གི་འདུག་པས། ཊོམ་གྱིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་ཀྱིས་བཙིར་ནས། མཐའ་མར་ཨ་རིའི་གནོན་ཤུགས་འོག་སླེབས་ཐབས་ཡིན་འདུག ཨི་རན་གྱི་མཐོ་རིམ་འགོ་ཁྲིད་ཚོས་ཨ་རིའི་བྱེད་སྟངས་དེས་ཤུགས་རྐྱེན་གང་ཡང་སྤྲོད་ཐུབ་རྒྱུ་མིན་པ་དང་། རྡོ་སྣུམ་མུ་མཐུད་ནས་ཕྱི་འདྲེན་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
ཊོམ་གྱིས་རྒྱལ་སྤྱིའི་ཁྲོམ་རའི་ནང་རྡོ་སྣུམ་གྱི་རིན་གོང་མི་འཕར་བའི་ཆེད་དུ། ཨི་རན་ལ་དཔལ་འབྱོར་ཉེས་ཆད་ཀྱི་ལས་གཞི་དེ་དུས་དང་བསྟུན་ནས་ག་ལེར་ལག་བསྟར་བྱེད་འདོད་ཡོད་སྐོར་བརྗོད་འདུག ཨི་རན་གྱི་རྡོ་སྣུམ་ཕྱི་འདྲེན་བཀག་འགོག་གི་གནད་དོན་དང་འབྲེལ་ནས། ཨ་རི་གཙོས་པའི་ཨུ་རུ་སུ་དང་སོ་ཌི་ཨ་རབ་སོགས་རྡོ་སྣུམ་ཐོན་སྐྱེད་མང་ཤོས་བྱེད་མཁན་ཚོས། ཐོན་འབབ་མང་དུ་གཏོང་འགོ་བཙུགས་ཟིན་འདུག
དཔལ་འབྱོར་གྱི་ཉེས་ཆད་ཁོངས་སུ་རྡོ་སྣུམ་ཕྱིར་འདྲེན་གཅིག་པུ་མིན་པར། ཨི་རན་གྱི་དངུལ་ཁང་༥༠ དང་འབྲེལ་ཡོད། དེ་བཞིན་ཨི་རན་གྱི་མི་སེར་༢༠༠ དང་། མཚོ་ཐོག་སྐྱེལ་འདྲེན་གྱི་གྲུ་གཟིངས། ཨི་རན་གྱི་གནམ་གྲུའི་ཚོང་ལས་ཁང་ཁག་ཅིག་སོགས་ཚུད་ཀྱི་ཡོད་འདུག
ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཁབ་སོགས་ཀྱིས་དཔལ་འབྱོར་ཉེས་ཆད་ཀྱི་ལག་ཆ་བེད་སྤྱད་ནས། རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།