ཨ་རིས་ཨུ་རུ་སུ་དང་རྒྱ་ནག་གི་ཚོང་ལས་ཁང་ཁག་ཅིག་ལ་ཉེས་ཆད་བཏང་འདུག
ཟླ་འདིའི་ཕྱི་ཚེས་༢༣ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་ལ་ཨུ་རུ་སུ་དང་རྒྱ་ནག་གི་ཚོང་ལས་ཁང་༡༠ དང་། ཚོང་པ་སྒེར་པ་༦ གིས་རམ་འདེགས་བྱས་ཡོད་པའི་སྐྱོན་འཛུགས་བྱས་ནས་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་འདུག
ཉེས་ཆད་འདི་ནི་ཨུ་རུ་སུ་དང་རྒྱ་ནག་ཚུད་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཁང་གིས་བྱང་ཀོ་རི་ཡར་ཉེས་ཆད་སྔར་ལས་ལྷག་པ་གཏོང་རྒྱུའི་འོས་འཕེན་ཚར་རྗེས་སུ་བྱུང་བ་ཞིག་ཡིན་འདུག ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ད་ཐེངས་ཀྱི་ཨ་རིའི་འགུལ་བསྐྱོད་འདིས་བྱང་ཀོ་རི་ཡར་གནོན་ཤུགས་ཆེ་རུ་གཏོང་གི་ཡོད་སྐོར་བརྗོད་ཡོད་འདུག་ཀྱང་། འགུལ་བསྐྱོད་དེས་རྒྱ་ནག་ཁོང་ཁྲོ་བསླངས་ཡོད་འདུག ཨ་རིའི་ནོར་སྲིད་བློན་ཆེན་སཱི་ཊི་ཝེན་མི་ནུ་ཆིན་གྱིས་“ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་རྡུལ་མཚོན་གོང་འཕེལ་གྱི་ལས་གཞི་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་དམིགས་འབེན་དུ་བཟུང་སྟེ། ཨ་རིའི་དཔལ་འབྱོར་ལམ་ལུགས་ལས་ཁོང་ཚོ་ཁ་བྲལ་དུ་བཅུག་པའི་ཐོག་ནས་བྱང་ཀོ་རི་ཡར་མུ་མཐུད་གནོན་ཤུགས་ཆེ་རུ་གཏོང་གི་ཡིན།”ཞེས་བརྗོད་ཡོད་འདུག
ད་ཐེངས་ཀྱི་ཨ་རིའི་འགུལ་བསྐྱོད་འདིའི་དོན་ནི། ཨ་རིའི་མི་མང་དང་ཚོང་ལས་ཁང་བཅས་ཀྱིས་གོང་གསལ་ཉེས་ཆད་བཏང་བའི་ཚོང་ལས་ཁག་དང་ཚོང་པ་སྒེར་པ་རྣམས་ཀྱི་མཉམ་དུ་ཚོང་འབྲེལ་བྱེད་ཆོག་གི་མེད་པ་དེ་ཡིན་འདུག
རྒྱ་ནག་གིས་ཁོ་རང་ཚོའི་ཚོང་ལས་ཁང་རྣམས་ལ་ཨ་རིས་ཉེས་པ་བཏང་བ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་དང་། ནོར་འཁྲུལ་དེ་མྱུར་དུ་ཡོ་བསྲང་བྱེད་དགོས་པའི་ལན་འདེབས་འཕྲལ་མར་བྱས་ཡོད་འདུག
ཉེ་བའི་ཟླ་ཤས་ཀྱི་རིང་ལ་བྱང་ཀོ་རི་ཡས་བསྟུད་མར་འཕུར་མདའ་ཚོད་ལྟ་བྱས་པའི་ཐོག རྡུལ་མཚོན་ཚོད་ལྟ་ཐེངས་དྲུག་པ་དེ་བྱ་རྒྱུའི་འཇིགས་སྐུལ་ཡང་ཡང་དུ་བྱས་པ་ལ་བརྟེན་ནས། ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་འགལ་ཟླ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ལོ་ལྟར་གོ་མཚོན་སྤྲས་པའི་དམག་སྦྱོང་གི་འཆར་གཞི་འཐེན་གྱི་ཡོད་སྟབས་དེར་བྱང་ཀོ་རི་ཡ་ཁོང་ཁྲོ་ཟ་ཡི་ཡོད་པ་ལྟར། ཐེངས་འདི་ལ་ཡང་དེ་ལྟར་བྱུང་ནས། ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་སུ་ཡོད་པའི་ཨ་རིའི་གླིང་ཕྲན་གྷུམ་གྱི་ཉེ་འཁྲིས་སུ་རྡུལ་མཚོན་ཚོད་ལྟ་བྱ་རྒྱུའི་སྡིག་བསྐུལ་བྱས་ཡོད་པ་དང་། དུས་མཚུངས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡར་དེ་སྔོན་ནམ་ཡང་འཛམ་གླིང་ཐོག་བྱུང་མྱོང་མེད་པའི་དམག་འཁྲུག་ཅིག་རྒྱག་རྒྱུ་ཡིན་པའི་ཐོག་ནས་སྡིག་བསྐུལ་བྱས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༢༢ ཉིན་བཏོན་པའི་བྱང་ཀོ་རི་ཡའི་ཁྱབ་བསྒྲགས་བརྙན་ཐུང་ཞིག་ནང་། ཌོ་ནལ་ཊོམ་དུར་ས་ཞིག་ཏུ་ཡོད་ཅིང་། དུར་ས་དེ་ནི་ཨ་རིའི་གླིང་ཕྲན་གྷུམ་ཡིན་པ་མངོན་གསལ་དོད་པོ་ཡིན་འདུག་པ་མ་ཟད། ཨ་རིའི་ཕྱི་སྲིད་བློན་ཆེན་རེཀ་སི་ཊི་ལེར་སོན་མེ་དཔུང་གི་ཁྲོད་ནས་འཚིགས་པའི་རྣམ་པ་བསྐྲུན་ཡོད་འདུག
ཨ་རིའི་ཕྱི་སྲིད་བློན་ཆེན་རེཀ་སི་ཊི་ལེར་སོན་གྱིས་བྱང་ཀོ་རི་ཡར་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཉེས་ཆད་གསར་པ་དེ་བཅད་ནས་བཟུང་། སྔར་དང་མི་འདྲ་བར་རང་ཚོད་བཟུང་བཞིན་ཡོད་སྐོར་དང་། ཕྱོགས་གཉིས་བར་གྲོས་མོལ་ཡོང་རྒྱུའི་རེ་བ་ཡོད་སྐོར་སོགས་བརྗོད་འདུག་ཀྱང་། ཟླ་འདིའི་ཕྱི་ཚེས་༢༢ ཉིན་སུད་སི་ཇེ་ནེ་ཝ་རུ་གོ་མཚོན་བཀག་སྡོམ་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག བྱང་ཀོ་རི་ཡའི་ཕྱི་འབྲེལ་མི་སྣས་གོ་མཚོན་གྱི་ལས་གཞི་རྣམས་སོ་སོའི་རྒྱལ་ཁབ་སྲུང་ཕྱིར་དུ་བཟོས་པའི་ཁྲིམས་མཐུན་ཡིན་སྐོར་དང་། ཇི་སྲིད་དུ་སྡང་ཟུག་ཅན་གྱི་ཨ་རིའི་སྲིད་ཇུས་དང་རྡུལ་མཚོན་གྱི་ཉེན་ཁ་ལ་ཁ་གཏད་མེད་པ་དེ་སྲིད་དུ། བྱང་ཀོ་རི་ཡས་སོ་སོའི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་དམིགས་པའི་རྡུལ་མཚོན་ལས་གཞིའི་སྐོར་ལ་གྲོས་་མོལ་བྱ་རྒྱུ་མིན་སྐོར་སོགས་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།