ཨ་རིས་དེར་བཀག་པའི་ཨུ་རུ་སུའི་རྒྱུ་ནོར་གྱི་ཡོང་འབབ་ནས་ཨ་སྒོར་ཐེར་འབུམ་༢༠ ཡུག་རེན་ལ་སྤྲད་ཡོད་འདུག 

ཨ་རིའི་ནང་ཨུ་རུ་སུའི་རྒྱུ་དངོས་ཕོན་ཆེན་པོ་ཞིག་བཀག་ཡོད་འདུག་ཅིང་། དེའི་རྒྱུ་མཚན་ནི་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པའི་རྐྱེན་གྱིས་ཡིན་འདུག ད་ཆར་ཨ་རིའི་ལས་ཐོག་སྲིད་འཛིན་ཇོ་བྷ་ཌན་གྱིས་རང་ཉིད་སྲིད་འཛིན་གྱི་དུས་ཡུན་རྫོགས་ལ་ཉེ་དུས་ཡུག་རེན་ལ་ཨུ་རུ་སུའི་རྒྱུ་དངོས་དེ་དག་གི་སྐྱེད་ཀ་ལས་ཨ་སྒོར་ཐེར་འབུམ་༢༠ སྤྲད་ཡོད་འདུག 

ཕྱི་ཚེས་༡༢ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ལས་ཐོག་སྲིད་འཛིན་ཇོ་བྷ་ཌན་གྱི་སྲིད་འཛིན་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་འདིར། ཨུ་རུ་སུའི་དངོས་ཟོག་དང་རྒྱུ་ནོར་ཕོན་ཆེན་པོ་ཞིག་ཨ་རིའི་ནང་བཀག་འགོག་བྱས་པ་ཡོད་པ་དག་གི་ཡོང་འབབ་ལས། ཨ་སྒོར་ཐེར་འབུམ་༢༠ ཡུག་རེན་ལ་རོགས་རམ་ཆེད་དུ་སྤྲད་ཡོད་འདུག ཨ་རིའི་ནོར་སྲིད་དྲུང་ཆེ་(Janet Yellen)ཡིས་ཐེངས་འདིར་ཨ་རི་ཡིས་ཡུག་རེན་ལ་སྤྲད་པའི་ཨ་སྒོར་ཐེར་འབུམ་༢༠ དེ་ནི་ཨ་རིའི་མི་མང་ནས་ཁྲལ་བསྡུས་པའི་དངུལ་མ་ཡིན་པར། ཨུ་རུ་སུའི་རྒྱུ་ནོར་ཨ་རིའི་ནང་ཡོད་པ་དག་གི་ཡོང་འབབ་ནས་སྤྲད་ཡོད་པར་བརྗོད་ཡོད་འདུག ཨུ་རུ་སུའི་རྒྱུ་ནོར་ཨ་རིའི་ནང་བཀག་པ་དག་ལས་ཡུག་རེན་ལ་རོགས་རམ་སྤྲོད་རྒྱུ་དེ་ལས་ཐོག་སྲིད་འཛིན་ཇོ་བྷ་ཌན་གྱི་སྲིད་འཛིན་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་སུ་བྱུང་བ་ཞིག་སྟེ། འདི་ལོའི་ཕྱི་ཟླ་༦ པའི་ནང་འབྱོར་ལྡན་རྒྱལ་ཁབ་བར་གྲོས་བསྡུར་བྱུང་བ་ཡིན་འདུག

བདམས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་ནས་ཁོང་གིས་སྲིད་འཛིན་དམ་འབུལ་བྱས་པའི་ཉིན་དང་པོ་ནས་ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྱི་དམག་འཁྲུག་མཚམས་འཇོག་བྱེད་འཇུག་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དང་། དེ་བཞིན་ཡུག་རེན་ལ་དམག་གི་རོགས་རམ་བྱེད་རྒྱུ་མིན་ཚུལ་བརྗོད་ཡོད་པའི་རྐྱེན་གྱིས་གལ་སྲིད་དམག་འཁྲུག་མཚམས་འཇོག་བྱེད་མ་ཐུབ་ཚེ། མ་འོངས་པར་ཡུག་རེན་ལ་ཉེན་ཁ་ཆེན་པོ་ཞིག་ཆགས་རྒྱུ་ཡིན་འདུག 

ཨ་རིའི་ནོར་སྲིད་ལྷན་ཁང་ནས་གཟའ་མིག་དམར་ཉིན་བརྗོད་པ་ལྟར་ན། ཨ་སྒོར་ཐེར་འབུམ་༢༠ དེ་འཛམ་གླིང་དངུལ་ཁང་ནང་བླུགས་ཟིན་ཡོད་འདུག་པ་དང་། ཡུག་རེན་གྱིས་དེ་ནས་ལེན་ཆོག་གི་ཡོད་འདུག (the Reuters)རུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ཞིག་ལ། སྤྱིར་བཏང་འཛམ་གླིང་དངུལ་ཁང་གི་སྟངས་འཛིན་འོག་ཡོད་པའི་དངུལ་རྣམས་དམག་འཁྲུག་ཆེད་བེད་སྤྱོད་བྱེད་ཆོག་གི་ཡོད་མི་འདུག་ཀྱང་། ཨ་སྒོར་ཐེར་འབུམ་༢༠ ནས་ཕྱེད་ཀ་ཙམ་ཞིག་དམག་འཁྲུག་ཆེད་དུ་བེད་སྤྱོད་བྱེད་ཆོག་པའི་རེ་བ་བྱེད་ཀྱི་ཡོད་འདུག འོན་ཀྱང་ཨ་རིའི་གྲོས་ཚོགས་ནས་ཆོག་མཆན་ཐོབ་དགོས་ཀྱི་ཡོད་འདུག འདི་ལོའི་ཕྱི་ཟླ་༤ པའི་ནང་ཨ་རིས་ཡུག་རེན་ལ་ཨ་སྒོར་ཐེར་འབུམ་༦༡ རོགས་རམ་སྤྲད་ཡོད་འདུག་ཀྱང་། ཨ་རིའི་གྲོས་ཚོགས་འོག་མ་ནས་ཆོག་མཆན་མ་རགས་ནས་དུས་ཡུན་རིང་པོ་འགོར་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།