ཨ་རིས་ཨུ་རུ་སུར་གནོན་ཤུགས་སྤྲོད་ཆེད་ཡུ་རོབ་ཁུལ་དུ་དམག་མི་སྣོན་མ་བཏང་འདུག 

ཨ་རི་དང་དབྱིན་ཡུལ་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱེད་པའི་ཉེན་ཁ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གྲོས་མོལ་བྱེད་ཐབས་བྱས་ཀྱང་ལམ་ལྷོངས་བྱུང་མེད་པས། ཨ་རིས་ཡུ་རོབ་ཁུལ་དུ་ཨ་རིའི་དམག་མི་སྣོན་མ་བཏང་འདུག 

ཟླ་༢ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་འདིའི་ནང་ཨ་རིའི་དམག་མི་༢༠༠༠ ཞིག་ཨ་རི་ནས་ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་དང་པཱོ་ལན་ཌ་ལ་གཏོང་གི་ཡོད་འདུག་པ་དང་། འཇར་མན་ནང་སྔོན་ཚུད་ནས་ཡོད་པའི་ཨ་རིའི་དམག་མི་༡༠༠༠ ཞིག་རཱོ་མ་ནཱི་ཡར་གཏོང་གི་ཡོད་འདུག 

དེ་ཡང་ད་ལྟའི་ཆར་ཨུ་རུ་སུས་ཡུག་ཀེ་རན་གྱི་ས་མཚམས་སུ་དམག་མི་འབུམ་གཅིག་ལྷག་སྒྲིག་འཇོག་བྱས་ཡོད་པས། ཨ་རི་སོགས་ཀྱིས་བཙན་འཛུལ་གྱི་ཉེན་ཁ་ཡོད་པར་ངོས་འཛིན་གྱིས་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ཨ་རིའི་དམག་མི་རྣམས་གལ་ཏེ་ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་བྱས་ཚེ། ཨུ་རུ་སུ་དང་དམག་འཐབ་བྱེད་ཆེད་མིན་པར། དམག་མི་དེ་དག་ནི་ཤར་ཡུ་རོབ་ཁུལ་དུ་ཡོད་པའི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་སྲུང་སྐྱོབ་བྱེད་ཆེད་དུ་ཡིན་འདུག 

ཨུ་རུ་སུས་ཤར་ཡུ་རོབ་ཁུལ་དུ་(NATO) མཐུན་ཕྱོགས་ཀྱི་དབང་ཤུགས་རྒྱ་སྐྱེད་གཏོང་རྒྱུར་འགོག་རྒོལ་བྱེད་བཞིན་ཡོད་ཁར། ཡུག་ཀེ་རན་རྒྱལ་ཁབ་དེ་མཐུན་ཕྱོགས་དེའི་ཚོགས་མིར་ནམ་ཡང་ཆགས་མི་ཆོག་པའི་ཉེན་བརྡ་གཏོང་བཞིན་ཡོད་ཁར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་ཡུག་ཀེ་རན་སོགས་ཤར་ཡུ་རོབ་ཁུལ་དུ་གོ་མཚོན་སོགས་བཏང་ནས། བརྟན་ལྷིངས་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་དང་། ཡུག་ཀེ་རན་ལ་བཙན་འཛུལ་བྱེད་པའི་འཆར་གཞི་མེད་སྐོར་བརྗོད་འདུག འོན་ཀྱང་ཨ་རི་སོགས་ནས་ཨུ་རུ་སུའི་དགོས་འདུན་དེར་ཁས་ལེན་བྱེད་ཀྱི་མེད་ཁར། ཉེ་ཆར་དབྱིན་ཡུལ་གྱི་སྲིད་བློན་བྷོ་རེ་སེའི་ཇོན་སོན་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ལ། ཡུ་རོབ་ཀྱི་མང་གཙོའི་རྒྱལ་ཁབ་ཚང་མར་ནཱེ་ཊོ་(NATO) ཡི་ཚོགས་མིར་ཞུགས་རྒྱུའི་ཐོབ་ཐང་ཡོད་སྐོར་བརྗོད་འདུག 

ཐེངས་འདིར་ཨ་རིས་དམག་མི་སྣོན་མ་ཡུ་རོབ་ཁུལ་དུ་བཏང་བའི་བྱ་སྤྱོད་དེར། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པས་སྐྱོན་བརྗོད་དང་སྦྲགས། བྱེད་སྟངས་དེ་ནི་གནོད་སྐྱོན་ཆེ་བའི་གོམས་སྟབས་ཤིག་ཡིན་པ་དང་། དེས་གནས་སྟངས་ཛ་དྲག་ཏུ་བཏང་ཡོད་ཁར། སྲིད་དོན་ཐབས་ལམ་ཞིག་རྙེད་པའི་ལམ་ཁ་ཆུང་དུ་བཏང་ཡོད་སྐོར་བརྗོད་འདུག 

ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས། གལ་ཏེ་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་ཚེ་དཔལ་འབྱོར་ཉེས་ཆད་གཏོང་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་ཁར། ཨུ་རུ་སུས་འཇར་མན་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་སྣུམ་སོགས་ཐད་ཀར་འོར་འདྲེན་བྱེད་ཆེད་ཀྱི་སྦུབས་དོང་རྒྱང་ཐག་ཀི་ལོ་མི་ཊར་༡༢༢༥ ལྷག་ཡོད་པ་ཞིག་བཟོས་པ་དེ་ད་ལྟ་དངོས་སུ་ལས་དོན་འགོ་འཛུགས་བྱེད་རྒྱུ་ཡིན་པས། རྒྱལ་ཁབ་མང་པོ་ཞིག་གིས་ཚོང་ལས་དེར་རྒྱབ་སྐྱོར་བྱེད་རྒྱུ་མིན་པའི་ཉེན་བརྡ་གཏོང་མཁན་ཡང་མང་པོ་ཡོད་འདུག་པས། གལ་ཏེ་དེ་ལྟར་བྱུང་ཚེ་ཨུ་རུ་སུའི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།