ཨ་རིིའི་གྲོས་ཚོགས་སུ་ཐའེ་ཝན་གྱི་འབྲེལ་ལམ་ཚད་མཐོ་རུ་གཏོང་དགོས་པའི་ཁྲིམས་འཆར་བཏོན་འདུག
རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། ཨ་རིའི་གྲོས་ཚོགས་སུ་ཨ་ཐའེའི་འབྲེལ་ལམ་བསྐྱར་ཞིབ་བྱས་ཏེ་ཚད་མཐོ་རུང་གཏོང་དགོས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་ཡོད་འདུག
ཕྱི་ཟླ་ ༥ ཨ་རིའི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ ༦ གིས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་ཚད་མཐོ་རུ་བཏང་ནས། ཝ་ཤིན་ཊོན་དུ་ཡོད་པའི་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་གི་མིང་སྒྱུར་བཅོས་གཏོང་དགོས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་འདུག་པ་དེར། རྒྱ་ནག་ཁོང་ཁྲོ་ལངས་རྒྱུ་ཡིན་འདུག
ཕྱི་ལོ་ ༡༩༧༩ སྲིད་འཛིན་ཇི་མི-ཁ་ཋར་(Jimmy Carter) གྱིས་འགོ་ཁྲིད་པའི་ཨ་རིའི་གཞུང་གིས་ཐའེ་ཝན་དང་གཞུང་གི་འབྲེལ་ལམ་བཅད་པ་ནས་བཟུང་། འདས་པའི་ངོ་ལོ་ ༤༠ ཙམ་གྱི་རིང་ལ་ཨ་རིས་“རྒྱ་ནག་གཅིག་གི་སྲིད་བྱུས་”ངོས་ལེན་བྱས་ཏེ། རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་ཁང་ལ་“ཐའེ་པེའི་དཔལ་འབྱོར་དང་རིག་གཞུང་སྐུ་ཚབ་ལས་ཁུངས་”ཞེས་བཏགས་ཡོད།
ཡིན་ན་ཡང་། ཨ་རིའི་སྲིད་གཞུང་གོང་མ་སྟེ་ཊོམ་སྲིད་གཞུང་གིས་ཨ་རིས་འདས་པའི་ལོ་ངོ་ ༤༠ ཙམ་གྱི་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་དང་སྒྱུར་བཅོས་བྱས་ཏེ། རྒྱ་ནག་ལ་བསྟུན་ཐབས་ཀྱིས་རྒྱ་ནག་མང་གཙོ་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་དེ་ཡོངས་སུ་ནོར་ཡོད་པའི་ཁས་ལེན་གནང་བ་དང་། སྐབས་དེའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo) ཡིས་“གལ་སྲིད་རང་དབང་ལྡན་པའི་འཛམ་གླིང་གིས་རྒྱ་ནག་དམར་པོ་འགྱུར་བ་མ་བཏང་བ་ཡིན་ན། རྒྱ་ནག་དམར་པོས་ང་ཚོ་ཚུར་འགྱུར་བ་གཏོང་ངེས་རེད་”ཅེས་གསུངས་པ་མ་ཟད། ཁོང་གི་ལས་ཡུན་རྫོགས་ཁར་ཨ་རི་དང་ཐའེ་ཝན་གྱི་གཞུང་འབྲེལ་མི་སྣའི་བར་གྱི་འབྲེལ་ལམ་འཛིན་ཕྱོགས་སྐོར་གྱི་བཀག་རྒྱ་རྣམས་མེད་པ་བཟོས་ཡོད།
ཐེངས་འདིའི་ཁྲིམས་འཆར་ནང་དུ་ཡང་། ཨ་རིིའི་གཞུང་ནས་ཐའེ་ཝན་གྱི་སྐུ་ཚབ་རྣམས་ལ་མ་འཇོག་བྱེད་མཁན་གྱི་ཐོངས་མཆན་(investor visa) སྤྲོད་རྒྱུའི་ཚབ་ཏུ་འོས་འཚམ་གྱི་ཐོངས་མཆན་སྤྲོད་པའི་དགོས་འདུན་བཏོན་པ་དང་། ཁྲིམས་འཆར་འདོན་མཁན་ཚོས་ཐའེ་ཝན་གྱི་གཞུང་འབྲེལ་སྐུ་ཚབ་ལ་མ་འཇོག་བྱེད་མཁན་གྱི་ཐོངས་མཆན་སྤྲོད་བཞིན་པ་དེ་འགྲིག་མེད་པའི་འགྲེལ་བརྗོད་བྱས་འདུག
ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འཐུས་མི་བྷི་རེ་ཌི-ཤར་མཱན་(Brad Sherman) གྱིས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་“ཚད་མཐོ་རུ་གཏོང་བའི་དུས་ལ་བབ་ཡོད་”པ་དང་། “ང་ཚོས་ཨ་རི་དང་ཐའེ་ཝན་གྱི་སྐུ་ཚབ་དང་གཞུང་ཞབས་བར་དུ་འབྲེལ་ལམ་སྲ་བརྟན་ཡོང་བའི་ཐོག་ལ་ནུས་ཤུགས་འདོན་དགོས་”ཞེས་བརྗོད་འདུག
ཉེ་བའི་ཆར་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་ཡང་ཡང་བཏང་ནས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་རྒྱུན་མི་ཆད་པ་བཏང་དང་གཏོང་བཞིན་ཡོད་རུང་། ཐའེ་ཝན་གྱིས་དེ་ལ་ཞུམ་པ་མེད་པར་“མི་ཟད་དེ་མཐའ་མར་ཐུག་”ཀྱང་རྒྱལ་ཁབ་ཀྱི་རང་བཙན་སྲུང་གི་ཡིན་ཟེར་བཞིན་ཡོད་པའི་ཐོག འཛམ་གླིང་གི་མིག་ལམ་དུ་རྒྱ་ནག་གི་གཡོ་སྒྱུ་དང་གདུག་རྩུབ་ཀྱི་ངོ་བོ་དང་། གོ་ལ་དབང་དུ་སྒྱུར་བའི་དམིགས་ཡུལ་དེ་ཇེ་གསལ་དུ་འགྱུར་བཞིན་ཡོད་པས། ཨ་རིའི་ངོས་ནས་ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་བཏང་ནས་མཐའ་གཅིག་ཏུ་“གལ་འགངས་ཆེ་བའི་མང་གཙོའི་མཐུན་གྲོགས་”དེ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།