བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༡༡ ཕྱི་ལོ་ ༢༠༢༠/༠༧/༡༥
ཁ་སང་ཕྱི་ཟླ་༧ ཚེས་༡༤ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཧོང་ཀོང་གི་ཐོབ་ཐང་དང་འབྲེལ་བའི་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་གཉིས་ལ་མཚན་རྟགས་བཀོད་ཡོད་པ་དེ་ནི། ཨ་རིའི་ངོས་ནས་ད་བར་ཧོང་ཀོང་གྲོང་ཁྱེར་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲོད་བཞིན་པ་རྣམས་མཚམས་འཇོག་རྒྱུའི་བཀའ་རྒྱ་ལ་དངོས་སུ་མཚན་རྟགས་བཀོད་པ་ཞིག་རེད་ལ། ད་ནས་བཟུང་ཧོང་ཀོང་“རྒྱ་ནག་སྐམ་ས་ཆེན་མོ་དང་གཅིག་མཚུངས་”སུ་བརྩི་རྒྱུ་ཡིན་ཞེས་བརྗོད་འདུག ད་དུང་ཁོང་གིས་ཧོང་ཀོང་གི་རང་དབང་རྡོག་རོལ་གཏོང་མཁན་གྱི་དཔོན་པོ་རྣམས་དང་། དཔོན་པོ་དེ་དག་དང་ལྷན་དུ་ཚོང་ལས་གཉེར་མཁན་གྱི་དངུལ་ཁང་རྣམས་ལ་ཉེས་ཆད་གཅོད་པའི་ཁྲིམས་འཆར་ལའང་མཚན་རྟགས་བཀོད་པས། ཁྲིམས་འཆར་དེ་ཡང་དངོས་སུ་ཨ་རིའི་ཁྲིམས་ཆགས་ཟིན་པ་མ་ཟད། ཕོ་བྲང་དཀར་པོར་བསྡུས་པའི་གསར་འགོད་གསལ་བསྒྲགས་དེའི་ཐོག ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་གླེང་མོལ་བྱེད་འཆར་མེད་ཅེས་ཀྱང་ནན་བརྗོད་གནང་ཡོད་པ་རེད།
གཞན་ཡང་སྐབས་དེར་“ང་ཚོས་རྒྱ་ནག་ལ་ནད་ཡམས་སྦས་སྐུང་བྱས་ནས་འཛམ་གླིང་ལ་བཏང་བའི་འགན་ཡོངས་རྫོགས་འཁུར་དགོས་ཞེས་བརྗོད་བཞིན་ཡོད་”ཅེས་ཀྱང་བརྗོད་འདུག ད་ལྟ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐོག་ནས་ཆེས་སྡུག་ཤོས་ཀྱི་དུས་སྐབས་ཤིག་ཡིན་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་ནི་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་རྒྱལ་ཁབ་ཅིག་ཡིན་པའི་གདོང་རིས་དངོས་སུ་མཐོང་ཡོད་པ་རེད། ད་བར་ཨ་རིས་རྒྱ་ནག་ལ་གོ་སྐབས་སྤྲད་པ་ལྟ་བུ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་སུས་ཀྱང་སྤྲད་མེད་མོད། ད་ལྟའི་ཆར་རྒྱ་ནག་ནི་ཨ་རིའི་ཁ་གཏད་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། ཨ་རིའི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊོམ་ནི་འཛམ་གླིང་གི་དབུ་ཁྲིད་གཞན་དང་མི་འདྲ་བར། ཁོག་ཏུ་གང་དྲན་ཁ་ནས་བརྗོད་མཁན་ཞིག་ཡིན་ཚུལ་འདུག་པ་དང་། འཛམ་གླིང་ཤར་ནུབ་ཀྱི་མགོ་ཁྲིད་ཚོས་ཁ་ནས་འཛམ་གླིང་གི་སྤྱི་དོན་མི་བཤད་མཁན་མེད་ཀྱང་། དོན་དུ་རང་ཉིད་ཀྱི་རྒྱལ་ཁབ་དང་། ཆུང་ས་ནས་རང་ཉིད་ཀྱི་སྲིད་དོན་ཚོགས་པའི་གནད་དོན་ཁོ་ན་གཙོ་འཛིན་མི་བྱེད་མཁན་ཞིག་མེད་ཚོད་རེད།
ཌོ་ནལ་ཊོམ་གྱིས་ཨ་རི་གཙོ་བོར་འཛིན་བཞིན་ཡོད་ཅེས་བརྗོད་བཞིན་པ་མ་ཟད། སྲིད་བྱུས་དེ་ལག་བསྟར་གྱི་བརྒྱུད་རིམ་ནང་དུའང་། རྒྱ་ནག་ལ་སྒོ་ཁྲལ་སྤར་ནས་ཚོང་གི་དམག་འཁྲུག་ཆེན་པོ་ཞིག་རྒྱག་བཞིན་པ་དང་། ད་ལྟའི་ཆར་ནད་ཡམས་དང་འབྲེལ་བའི་ཐོག་ནས་འཁོན་འཛིན་ཆེ་རུ་སོང་ཡོད། དེ་བཞིན་ཧོང་ཀོང་གི་གནད་དོན་ཐོག་ལ་རྒྱ་གཞུང་གིས་ཨ་རིས་ཁྲིམས་ལུགས་གཏན་འབེབས་བྱས་པ་དེ། རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་རེད་ཅེས་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག། ད་ལྟའི་ཆར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་དང་། རྒྱ་གར། ཉི་ཧོང་། ཨོ་སི་ཁྲུ་ལི་ཡ་སོགས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་ཨ་རིའི་སྲིད་བྱུས་ཀྱི་ཁ་ཕྱོགས་བཞིན། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་འཛིན་བཞིན་པ་དང་། རྒྱ་ནག་གི་ངོས་ནས་ཀྱང་རང་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཆུང་ཁག་རྣམས་དང་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བྱེད་བཞིན་པ་འདིའི་ཐོག་ནས། ཨ་རི་དང་རྒྱ་ནག་གཉིས་ཀྱིས་སྣེ་ཁྲིད་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་དུམ་བུ་གཉིས་སུ་འགྲོ་བཞིན་པའི་རྣམ་པ་འདུག
སྤྱིར་ཨ་རྒྱ་གཉིས་ཁ་གཏད་ཀྱི་རྣམ་པ་ནི། འཛམ་གླིང་ཧྲིལ་པོའི་དབང་ཆ་སུས་འཛིན་མིན་དང་སྟོབས་ཤུགས་ཀྱི་འགྲན་བསྡུར་ཞིག་ཡིན་པ་དང་། ཕྱོགས་གཅིག་ནས་རྒྱལ་ཁབ་སོ་སོའི་ཁེ་ཕན་གཙོ་བོར་བཟུང་ནས་ཁ་གཏད་གཅོག་བཞིན་པ་ཞིག་ལས། འཛམ་གླིང་ཞི་བདེ་དང་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་ཁུར་ལྟ་བུ་སྤྱི་ཕན་གྱི་ཆེད་འགྲན་རྩོད་བྱེད་བཞིན་པ་ཞིག་གཏན་ནས་མ་རེད། འོན་ཀྱང་མི་ཡི་དོན་དག་མི་ཡིས་བསྒྲུབས་ཤིང་། མི་ཡི་ནུས་པ་མི་ལ་བརྟེན་ནས་སྐྱེད་སྲིང་བྱེད་དགོས་པའི་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་ཐོག་ནས་བསམ་བློ་བཏང་ན། བྱེད་སྟངས་འདི་དག་ནོར་བ་ཞིག་གང་ཡང་མིན་པར། ཁ་ནས་འཇིག་རྟེན་སྤྱི་ཡོངས་དང་གོ་ལ་ཧྲིལ་པོའི་དོན་དག་བཤད་དགོས་པ་ནི་དར་སོ་ཞིག་ཏུ་གྱུར་ཡོད། དོན་དངོས་སུའང་གོ་ལ་ཧྲིལ་པོ་གཅིག་ལ་གཅིག་བརྟེན་གྱི་གནས་བབས་ཤིག་ཏུ་གྱུར་ཡོད་སྟབས། ཕན་ཚུན་བསམ་ཤེས་དང་འགན་ཁུར་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཟིན་པས། དོན་དུ་རང་དོན་བསྒྲུབས་ཀྱང་ཁ་ནས་སྤྱི་དོན་བཤད་དགོས་པ་རྒྱུ་མཚན་འདི་ལ་ཐུག་ཡོད།
མདོར་ན་ཨ་རྒྱ་གཉིས་ཀྱི་ཁེ་ཕན་དང་དབང་ཤུགས་རྩོད་པའི་སྐབས་སུ་བོད་དོན་དེ་ཕྱོགས་གཉིས་ཀྱི་ལག་ཆ་ཞིག་ཏུ་འགྱུར་ཐུབ་མིན་དང་། བོད་པ་རང་ངོས་ནས་འགྲན་རྩོད་དེའི་ནང་དུ་བོད་ལ་ཕན་པའི་ཁེ་ཕན་ག་རེ་ལེན་རྒྱུ་ཡོད་མེད་ཀྱི་ཐོག་ལ་བསམ་བློ་གཏིང་ཟབ་གཏོང་དགོས་པ་དང། གྲ་སྒྲིག་འཐུས་ཚང་བྱེད་དགོས་པ་དེ་གལ་ཆེ་ཤོས་སུ་འཛིན་མ་ཐུབ་ན། བོད་དོན་འཐབ་རྩོད་ཀྱི་ཆེད་དུ་གོ་སྐབས་མིག་མདུན་དུ་སླེབས་ཀྱང་དམ་འཛིན་མི་ཐུབ་པར་འགྱུར་ངེས་རེད། ༧གོང་ས་མཆོག་གིས་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་གདམས་ངག་ཟབ་མོ་འདིའི་དགོངས་དོན་བཞིན། ང་ཚོའི་ཁ་ཕྱོགས་གཅིག་དང་ལམ་ཁ་གཅིག་ཁོ་ན་ལས། གཡས་གཡོན་གང་དུའང་མི་བལྟ་བར་ཤར་བསྐྱོད་བྱས་ན་ད་ལྟའི་ཆར་སྟབས་བདེ་བ་ལྟ་བུ་མཐོང་སྲིད་ཀྱང་། ཕུགས་རྒྱང་རིང་པོའི་ཐོག་ནས་མ་འོངས་པའི་བུ་ཚ་ཕྱི་རབས་པ་རྣམས་ཀྱི་ལམ་ཁ་བཀག་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། ཕྱོགས་གང་ས་ནས་གྲ་སྒྲིག་དང་དོ་སྣང་བྱེད་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་འདུག་སྙམ།།