ཨ་རྒྱ་གཉིས་ཀྱི་ཚོང་དམག་གནས་སྐབས་རིང་མཚམས་འཇོག་བྱེད་རྒྱུ་རེད་འདུག
འཛམ་གླིང་ནང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨ་རི་དང་རྒྱ་ནག་གཉིས་བར། ཚོང་དམག་གསར་པ་མི་རྒྱག་བར་ཉིན་གྲངས་༩༠ ཡི་དུས་བཀག་ནང་དུ། ཕྱོགས་གཉིས་བར་གྲོས་མོལ་བྱེད་རྒྱུ་མོས་མཐུན་བྱུང་འདུག
ཟླ་༡༢ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཇེན་ཀྲི་ནར་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་འཚོགས་པའི་སྐབས་སུ། ཨ་རི་དང་རྒྱ་ནག་གཉིས་བར་ཟུར་དུ་ཚོགས་འདུ་འཚོགས་ནས། ཕྱོགས་གཉིས་བར་གྱི་ཚོང་དམག་ཐོག་ལ་གྲོས་མོལ་བྱས་ཡོད་འདུག ཚོང་དམག་གཏན་དུ་མཚམས་འཇོག་བྱེད་རྒྱུའི་གྲོས་མོལ་བྱུང་མེད་ཀྱང་། ད་ཡོད་ཀྱི་སྒོ་ཁྲལ་རྣམས་རང་སོར་བཞག་སྟེ། ཕན་ཚུན་སྒོ་ཁྲལ་གསར་པ་མི་རྒྱག་བར། དུས་བཀག་ཉིན་གྲངས་༩༠ ཡི་རིང་། ཕྱོགས་གཉིས་བར་གྲོས་མོལ་བྱས་ཏེ་རྩོད་གཞི་རྣམས་སེལ་ཐབས་བྱེད་རྒྱུ་ཡིན་འདུག
ད་ལྟའི་ཆར་འཛམ་གླིང་ནང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་བར་ཚོང་དམག་གཏན་དུ་མཚམས་འཇོག་བྱས་ཐུབ་མེད་ཀྱང་། ཚོང་དམག་གསར་པ་མི་རྒྱག་རྒྱུའི་གྲོས་མོལ་བྱུང་བ་ལྟར། ཨེ་ཤི་ཡའི་མ་རྐང་ཁྲོམས་རའི་རིན་གོང་འཕར་བཞིན་ཡོད་པ་དང་། དེ་ཡང་མ་འཛུགས་བྱེད་པོ་རྣམས་ཀྱིས་ཕྱོགས་གཉིས་བར་གྱི་གྲོས་མོལ་དེར་རེ་བ་རྒྱག་བཞིན་པ་སྟོན་ཐུབ་ཀྱི་ཡོད་འདུག
དེ་ཡང་ཨ་རིས་ཟླ་བ་༧ ལྷག་རིང་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཁྲོད། རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་གི་རིག་རྩལ་བདག་དབང་རྐུ་འཕྲོག་དང་། ཕྱོགས་གཉིས་བར་ཚོང་ཟོག་ནང་འདྲེན་དང་ཕྱི་འདྲེན་གྱི་འབོར་ཆ་སྙོམས་མེད་པ་སོགས་ཀྱི་ཐོག་ལ་ཉམས་ཞིབ་བྱས་རྗེས། རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཨ་རི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཁྲོད། ཨ་རིས་རྒྱ་ནག་ལ་ཚོང་ཟོག་ཕྱི་འདྲེན་ཨ་སྒོར་ཐེར་འབུམ་༣༧༥ ལྷག་གིས་ཉུང་བ་བྱེད་ཀྱི་ཡོད་འདུག
ཟླ་༧ པ་ནས་ཨ་རིས་རྒྱ་ནག་གི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༢༥༠ ལ་སྒོ་ཁྲལ་རྒྱག་བཞིན་ཡོད་པ་དང་། རྒྱ་ནག་གིས་རྒོལ་ལན་ཆེད་དུ་ཨ་རིའི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༡༡༠ ལ་སྒོ་ཁྲལ་རྒྱག་བཞིན་ཡོད་པ་རེད། རྒྱ་ནག་གི་རྒོལ་ལན་ལ་བརྟེན་ནས་ཨ་རིའི་ནང་གི་ཞིང་པ་ཚོར་གྱོང་གུན་བྱུང་བཞིན་ཡོད་པས། ཐེངས་འདིའི་གྲོས་མོལ་རྗེས་སུ། སྲིད་འཛིན་ཊོམ་གྱིས་རྒྱ་ནག་གིས་ཨ་རིའི་ཞིང་ལས་ཐོན་སྐྱེད་མང་པོ་ཞིག་ཉོ་རྒྱུ་ཁས་ལེན་བྱས་ཡོད་སྐོར་བརྗོད་འདུག
གྲོས་མོལ་གྱི་ཉིན་གྲངས་༩༠ ཡི་རིང་ཨ་རིའི་དཀའ་ངལ་ལམ་མོས་མཐུན་མེད་པའི་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་སྲིད་བྱུས་ཀྱི་གནད་དོན་ཁག་སེལ་ཐབས་བྱ་རྒྱུ་ཡིན་ཁར། ཕྱོགས་གཉིས་བར་གྱི་ཚོང་ཟོག་ཕྱི་འདྲེན་དང་ནང་འདྲེན་གྱི་འབོར་ཆ་མི་སྙོམས་པ་དེ་ཡང་སེལ་ཐབས་བྱེད་རྒྱུ་རེད་འདུག
དཔྱད་བརྗོད་པ་ཁག་ཅིག་གིས། སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཀྱི་ཟུར་དུ། ཨ་རྒྱ་གཉིས་བར་མོས་མཐུན་ཞིག་བྱུང་བ་ནི་བཟང་ཕྱོགས་ཤིག་ཡིན་པ་དང་། ཉིན་གྲངས་༩༠ ཡི་རིང་ཕྱོགས་གཉིས་བར་གྲོས་མཐུན་ཞིག་ཡོང་མིན་ནི་བཤད་རྒྱུ་དཀའ་བ་ཡིན་སྐོར་བརྗོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་སྐབས་སུ། རྒྱལ་སྤྱིའི་ཁྲོད་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡིན་ན་ཡང་། ཨ་རིའི་ཁེ་དབང་དེ་དང་པོར་འཇོག་རྒྱུ་ཡིན་ཡང་། རྒྱལ་ཁབ་གཞན་ལ་གྱོང་གཏོང་རྒྱུ་མིན་སྐོར་བསྒྲགས་ཡོད་པ་ལྟར། ཁོང་གིས་རྒྱལ་སྤྱིའི་ནང་གི་ཚོང་འབྲེལ་ལྷན་ཚོགས་མི་འདྲ་བ་ཁག་ཅིག་ནས་ཨ་རི་ཕྱིར་འཐེན་བྱས་ཏེ་གྲོས་མོལ་བསྐྱར་དུ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་ལ་ཡང་སྒོ་ཁྲལ་རྒྱག་བཞིན་ཡོད་པ་རེད། ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་དམག་དེས། རྒྱལ་ཁབ་སོ་སོར་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་རྣམས་ཀྱི་རིན་གོང་འཕར་གྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།