ཨ་རྒྱ་གཉིས་ཀྱི་ཚོང་དོན་དམག་འཁྲུག་ཁྲོད་རྒྱ་ནག་ནང་མི་མང་པོའི་ལས་ཀ་ཤོར་ནས་ངོ་རྒོལ་བྱེད་མཁན་ཤུགས་ཆེར་འབྱུང་བཞིན་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་སྒོ་ཁྲལ་ཕོན་ཆེན་པོ་བཀལ་ཡོད་པ་དང་། དམིགས་བསལ་ཨ་རི་ལ་ནང་འདྲེན་བྱེད་བཞིན་པའི་རྒྱ་ནག་གི་དངོས་ཟོག་དེ་དག་ཐོག་སྒོ་ཁྲལ་ཧ་ཅང་ཕོན་ཆེན་པོ་བཀལ་བའི་རྐྱེན་གྱིས་རྒྱ་ནག་ཏུ་ཡོད་པའི་བཟོ་གྲྭ་ཁག་གི་ལས་མི་ཚོར་དཀའ་ངལ་འཕྲད་ནས། ཁོང་ཚོས་གཞུང་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༢ ཉིན་(The economice Times)དཔལ་འབྱོར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རྒྱ་གཉིས་བར་ཚོང་དོན་དམག་འཁྲུག་ཅིག་འབྱུང་བཞིན་ཡོད་པ་ལྟར། ཚོང་དོན་དམག་འཁྲུག་དེ་ལ་བརྟེན་ནས་རྒྱ་ནག་གི་བཟོ་གྲྭ་ཕོན་ཆེན་པོ་ཞིག་སྒོ་རྒྱག་དགོས་བྱུང་ནས་ལས་མི་མང་པོ་ལས་ཀ་མེད་པ་དང་། ལས་ཀ་ཡོད་ཀྱང་གླ་ཆ་མེད་པས་ལས་མི་མང་པོས་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག སྤྱིར་བཏང་ཨ་རྒྱ་གཉིས་བར་ཚོང་དོན་དམག་འཁྲུག་དེས་རྐྱེན་པས་རྒྱ་ནག་ནང་མི་ས་ཡ་མང་པོའི་འཚོ་བ་ལ་དོ་ཕོག་བྱུང་ཡོད་འདུག་ཅིང་། རྒྱུ་མཚན་ནི་ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ཨ་རི་ལ་ནང་འདྲེན་བྱེད་བཞིན་པ་དག་ལ་སྒོ་ཁྲལ་ཕོན་ཆེན་བཀལ་བའི་རྐྱེན་གྱིས་དངོས་ཟོག་གི་རིན་གོང་མཐོན་པོར་གྱུར་ནས་ཉོ་མཁན་མེད་པ་དང་། རྒྱ་ནག་གི་དངོས་ཟོག་ཨ་རི་ལ་གཏོང་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་འདུག་པར་བརྟེན། རྒྱ་ནག་གི་(Hunan) ཧོས་ནན་ཞིང་ཆེན་དང་། (Sichuan)ཟི་ཁྲོན་ཞིང་ཆེན། ལྷོ་སོག་བཅས་ནས་ལས་མི་སྟོང་ཕྲག་མང་པོས་གཞུང་ལམ་དུ་ཐོན་ནས་ངོ་རྒོལ་དང་སྐད་འབོད་བྱེད་ཀྱི་ཡོད་པར་བརྗོད་འདུག་པ་དང་། ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བཀལ་བ་དེས་རྒྱ་ནག་གི་བཟོ་གྲྭ་མང་པོ་ཞིག་བཙན་གྱིས་སྒོ་རྒྱག་བཅུག་ཡོད་པར་བརྗོད་འདུག
ཨ་རིའི་ནང་དུ་ཡོད་པའི་(at the American investment bank Goldman Sachs)ཟེར་བའི་མ་རྩ་འཛུགས་ཕྱོགས་ཐད་ཀྱི་དངུལ་ཁང་དེས་ཚོད་དཔག་བྱེད་དོན་ལ། ད་ཆར་རྒྱ་ནག་ཁྱོན་ཡོངས་སུ་ལས་ཀ་ས་ཡ་༡༦ ཙམ་ཨ་རིའི་སྲིད་འཛིན་ཊོམ་སྒོ་ཁྲལ་བརྒྱ་ཆ་༡༤༥ བཀལ་བའི་རྐྱེན་གྱིས་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད་འདུག ད་བར་ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ཐོག་ཁྱོན་སྒོ་ཁྲལ་བརྒྱ་ཆ་༡༤༥ བཀལ་ཡོད་ཅིང་། དེ་དག་ནི་རྒྱ་ནག་གི་དངོས་ཟོག་འདྲ་མིན་ཐོག་བཀལ་ཡོད་པ་དང་། དཔེར་ན། བྱིས་པའི་རྩེད་ཆས་རིགས་དང་། གློག་གི་འཕྲུལ་ཆས་སོགས་དངོས་ཟོག་ཕོན་ཆེན་པོ་ཞིག་ལ་སྒོ་ཁྲལ་བཀལ་ཡོད་འདུག གལ་སྲིད་ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་དེ་ལས་མང་བ་བཀལ་ཚེ་རྒྱ་ནག་གི་དཔལ་འབྱོར་གནས་བབ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པར་བརྗོད་འདུག
དཔེར་ན། རྒྱ་ནག་གི་ནུབ་བྱང་ཕྱོགས་སུ་ཡོད་པའི་(Shaanxi)ཧྲན་ཞིས་ཞིང་ཆེན་ནང་དུ་ས་གནས་ཀྱི་འཛུགས་སྐྲུན་ལས་གཞི་ཞིག་འགྲོ་བཞིན་ཡོད་ཀྱང་། ལས་མི་ཚོ་ལ་འདི་ལོའི་ཕྱི་ཟླ་༢ པ་ནས་གླ་ཆ་རག་མེད་པའི་རྐྱེན་གྱིས་མི་མང་ཁྲོད་དཀའ་ངལ་ཤོད་མཁན་ཧ་ཅང་མང་པོ་ཡོད་འདུག ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་དབྱིན་སྐད་གསར་ལམ་ཐོག་གནས་ཚུལ་སྤེལ་གསལ་ལ། ཕྱི་ཟླ་༤ པའི་ཚེས་༢༤ ཉིན་རྒྱ་ནག་གི་(Dao county)ཏོའི་རྫོང་ཞེས་པར་ཡོད་པའི་རྩེད་མོའི་རིགས་ཀྱི་ཡོ་ཆས་སོགས་བཟོ་སའི་བཟོ་གྲྭ་ཞིག་ཨ་རིས་སྒོ་ཁྲལ་བཀལ་བའི་རྐྱེན་གྱིས་བཟོ་གྲྭ་སྒོ་རྒྱག་དགོས་བྱུང་ཡོད་པ་དང་། སྐབས་དེ་དུས་མི་མང་སྟོང་ཕྲག་མང་པོས་གཞུང་ལམ་ཐོག་ཐོན་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ལ། ལས་མི་ཚོ་ལ་གླ་ཆ་མེད་པ་དང་། བདེ་འཇགས་ཆེད་དུ་མ་དངུལ་གསོག་པ་དག དེ་བཞིན་གུན་གསབ་སོགས་ཀྱི་དངུལ་རག་མེད་ཚུལ་བརྗོད་ནས་ངོ་རྒོལ་ཆེན་པོ་བྱས་ཡོད་པར་བརྗོད་འདུག
ཨ་རིའི་ནང་དུ་ཡོད་པའི་རང་དབང་ཁང་པས་ཕྱི་ལོ་༢༠༢༤ ལོ་མཇུག་ཏུ་རྒྱ་ནག་ཁྱོན་ཡོངས་ནས་མི་མང་ཕོན་ཆེན་པོས་གཞུང་ལ་ངོ་རྒོལ་དང་། སྐད་འབོད་ཤུགས་ཆེན་པོ་བྱུང་ཡོད་པར་བརྗོད་འདུག་ལ། མི་མང་ཚོས་ངོ་རྒོལ་དང་སྐད་འབོད་བྱེད་དགོས་དོན་ནི་དཔལ་འབྱོར་ཉམས་རྒུད་ཀྱིས་རྐྱེན་པས་གླ་ཆ་མི་རག་པ་དང་། ལས་ཀ་མེད་པར་གྱུར་པའི་རྐྱེན་གྱིས་ཡིན་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།