ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཁ་པར་བརྒྱུད་ཐའེ་ཝན་སོགས་ཀྱི་སྐོར་གླེང་མོལ་བྱས་འདུག

ཟླ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་ ༢ ཉིན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཁ་པར་བརྒྱུད་ནས་ཡུག་རེན་དང་ཐའེ་ཝན་གྱི་གནད་དོན། གནམ་གཤིས་འགྱུར་ལྡོག་དང་བཅོས་མའི་རིག་རྩལ་སོགས་ཀྱི་ཐོག་ལ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་གི་བཀའ་མོལ་གནང་ཡོད་འདུག

པར། India Today

ཟླ་འདིའི་ཚེས་༢ ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་ཁ་པར་བཏང་ནས་དུས་ཡུན་ཆུ་ཚོད་གཉིས་མ་ཟིན་ཙམ་བཀའ་མོལ་གནང་ཡོད་པ་དང་། ན་ནིང་སྤྱི་ཟླ་བཅུ་གཅིག་ནས་སྲིད་འཛིན་གཉིས་ཀྱི་བར་བཀའ་མོལ་གནང་བ་ཐོག་མ་ཆགས་ཡོད་འདུག ཕྱི་ཟླ་༥ པའི་ནང་ཐའེ་ཝན་གྱི་སྲིད་འཛིན་དམ་འབུལ་མཛད་སྒོ་དེ་ཡིན་པར་བརྟེན། ཐའེ་ཝན་མཚོ་འགག་ཁུལ་གྱི་གནས་སྟངས་ཛ་དྲག་ཏུ་མི་འགྲོ་བའི་ཆེད་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་ཁ་པར་བཏང་བ་ཞིག་ཆགས་ཀྱི་ཡོད་འདུག

ཐེངས་འདིའི་སྲིད་འཛིན་གཉིས་ཀྱིས་ཡུག་རེན་དང་ཐའེ་ཝན་གྱི་གནད་དོན། གནམ་གཤིས་འགྱུར་ལྡོག་དང་བཅོས་མའི་རིག་རྩལ་སོགས་ཀྱི་ཐོག་ལ་བཀའ་མོལ་གནང་བའི་སྐབས། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་རྒྱ་གཞུང་གིས་ཨུ་རུ་སུའི་དམག་དོན་བཟོ་གྲྭ་ཁག་ལ་རོགས་རམ་བྱེད་བཞིན་པ་དང་ཧོང་ཀོང་ནང་ཧ་ཅང་དམ་དྲག་ཆེ་བའི་རྒྱལ་ནང་བདེ་འཇགས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པ། རྒྱ་ནག་ནང་ཨ་རིའི་མི་སེར་དོ་དམ་བྱས་པ། རྒྱ་ནག་གི་དྲང་གཞག་མིན་པའི་ཚོང་དོན་སྲིད་བྱུས་ཀྱིས་ཨ་རིའི་བཟོ་བ་སོགས་ལ་གནོད་འཚེ་གཏོང་གི་ཡོད་པ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་སོགས་ཀྱི་ཐོག་ལ་སེམས་འཚབ་ཡོད་པའི་གླེང་སློང་བྱས་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་གྱིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་འགོ་བརྩམས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་བསུ་ཞུ་བཞིན་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བའི་རྐྱེན་ཡང་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ཕྱོགས་གཉིས་ཀས་དེར་དོ་སྣང་བྱེད་དགོས་ཞེས་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོས་སྲིད་འཛིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཐུན་པའི་ཆ་དང་འགལ་བའི་ཆ་གཉིས་ཀའི་ཐོག་བཀའ་མོལ་དྲང་པོ་དང་དགེ་མཚན་ལྡན་པ་གནང་སོང་ཞེས་བརྗོད་འདུག ཟླ་འདིིའི་ཚེས་༤ ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ་རྒྱ་ནག་ཏུ་འབྱོར་ཞིང་། ཁོང་ཉིན་ལྔའི་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཀོང་ཀྲོའུ་སོགས་ལ་ཕྱིན་ནས་དཔལ་འབྱོར་རིག་པ་བ་དང་ཨ་རིའི་ཚོང་པ་བཅས་ལ་ཐུག་འཕྲད་བྱས་ནས་ཚོང་དོན་དང་། རྒྱ་ནག་གི་དངོས་ཟོག་ཐོན་སྐྱེད་ཆེ་བའི་སྐྱོན་ཆ་སོགས་ཀྱི་ཐོག་ལ་གོ་བསྡུར་བྱེད་རྒྱུ་ཡིན་འདུག།


གསར་འགོད་པ། བློ་བཟང་རྒྱ་མཚོ།