ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཆེས་མཐའ་མའི་ཐུག་འཕྲད་བྱས།

བྷ་ཌན་སྲིད་གཞུང་འོག་ཨ་རྒྱ་གཉིས་ཀྱི་འབྲེལ་བར་ཡག་སྡུག་སྣ་ཚོགས་བྱུང་ཡོད་ན་ཡང་ཕྱོགས་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་ཐེངས་གསུམ་བྱུང་ཡོད་པ་དང་། ཉེ་ཆར་བྷ་ཌན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཐའ་མའི་ཐུག་འཕྲད་བྱས་ཀྱང་རྒྱལ་ཁབ་གཉིས་ཀྱི་བར་ཚོང་གི་གནད་དོན་དང་། ཐའེ་ཝན་དང་ཨུ་རུ་སུའི་དམག་འཁྲུག་གི་ཐོག་འགལ་ཟླ་འབྱུང་བཞིན་པ་དེ་མུ་མཐུད་གནས་ཡོད་པའི་གནས་ཚུལ་ཐོན་འདུག

པར། བྷི་བྷི་སི།

ཟླ་འདིའི་ཚེས་༡༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་དེ་ཟླ་འདིའ་ཚེས་༡༣ ནས་༡༥ བར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པེ་རུ་(Peru) ལ་ཚོགས་ཤིང་། ཚེས་༡༦ ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ལྷན་ཚོགས་ཀྱི་ཟུར་དུ་ཆེས་མཐའ་མའི་ཐུག་འཕྲད་དེ་བྱས་ཡོད་འདུག། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་དང་མཉམ་ལས་བྱེད་རྒྱུ་ཡིན་ཞེས་དང་། གྲང་དམག་གསར་པ་རྒྱག་མི་རུང་བ། བརྒྱབ་ཀྱང་རྒྱལ་ཁ་ཐོབ་མི་སྲིད་པ། རྒྱ་ནག་ལ་བཀག་སྐྱིལ་ལམ། བཀག་འགོག་བྱེད་པ་ནི་བློ་གྲོས་མེད་པ་དང་ཁས་ལེན་མི་རུང་བའི་ལས་ཀ་ཞིག་རེད་ཅེས་ཨ་རིའི་སྲིད་གཞུང་གསར་པར་གོ་རྒྱུ་གཏོང་བ་ལྟ་བུའི་སྐད་ཆ་ཡང་བཤད་ཡོད་འདུག སྲིད་འཛིན་ཞི་ཅིན་ཕིང་གིས་བྷ་ཌན་གྱི་སྲིད་འཛིན་དུས་ཡུན་ལོ་ངོ་བཞིའི་རིང་། ཨ་རྒྱའི་བར་གྱི་འབྲེལ་བར་ཡག་སྡུག་གཉིས་ཀ་བྱུང་བར་ངོས་ལེན་བྱས་པ་དང་། ཁོས་གལ་ཏེ་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་ལ་ཁ་གཏད་པའམ་དགྲ་བོར་བརྩིས་ཏེ། ཕན་ཚུན་གནོད་སྐྱོན་གཏོང་རེས་བྱས་པ་ཡིན་ན། ཕྱོགས་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་གམ་ཉམས་རྒུད་འགྲོ་སྲིད་པ་དང་། རྒྱ་གཞུང་གིས་ཨ་རི་དང་མཉམ་དུ་བརྟན་བརླིང་གི་འབྲེལ་བ་འཛུགས་རྒྱུའི་དམིགས་ཡུལ་ལ་འགྱུར་བ་མེད་པ་གནས་རྒྱུ་དང་། ཨ་རིའི་གཞུང་གསར་པ་དང་ལྷན་དུ་འབྲེལ་བ་རྒྱུན་སྐྱོང་དང་། མཉམ་ལས་རྒྱ་སྐྱེད་སོགས་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་བར་གྱི་ཐབས་བྱུས་ཀྱི་འགྲན་བསྡུར་དེ་དམག་འཁྲུག་ཏུ་འགྱུར་མི་རུང་ཞེས་བརྗོད་ནས། སྲིད་འཛིན་གཉིས་ཀས་ཚོང་དོན་དང་ཐའེ་ཝན་སོགས་ཀྱི་གནད་དོན་ཐོག་རྙོག་འཛིང་ཇེ་ཆུང་དུ་བཏང་ནས་མདུན་སྐྱོད་བྱེད་དགོས་པར་གཙོར་འདོན་བྱས་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས། ཊོམ་གྱིས་འོས་བསྡུའི་སྐབས་རྒྱ་ནག་ལ་སྒོ་ཁྲལ་སྤར་རྒྱུའི་ཁས་ལེན་བྱས་ཡོད་པར་བརྟེན། ཟླ་བ་གཉིས་ཀྱི་རྗེས་ཁོང་ཕོ་བྲང་དཀར་པོའི་ནང་དུ་སླེབ་སྐབས། ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཉམས་རྒུད་དུ་འགྲོ་སྲིད་པར་བརྗོད་འདུག སྲིད་འཛིན་གསར་པ་ཊོམ་གྱིས་རྒྱ་ནག་ནས་ནང་འདྲེན་བྱེད་པའི་དངོས་ཟོག་ཡོངས་ལ་སྒོ་ཁྲལ་བརྒྱ་ཆ་༦༠% ་བསྡུ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། ཁོང་གིས་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་འཛིན་བྱེད་མཁན་ཁག་ཅིག་ཕྱི་འབྲེལ་དང་རྒྱལ་སྲུང་གི་གོ་གནས་ཐོག་བསྐོ་བཞག་བྱས་ཡོད་འདུག
ཊོམ་གྱི་སྲིད་འཛིན་གྱི་དུས་ཡུན་དང་པོའི་སྐབས་སུ། ཁོང་གིས་རྒྱ་ནག་ལ་ཐབས་བྱུས་ཀྱི་འགྲན་ཟླ་(Strategic Competitor) ཞེས་མིང་བཏགས་པ་དང་། ཏོག་དབྱིབས་གཉན་རིམས་ལ་རྒྱ་ནད་ཅེས་འབོད་པ་སོགས་ལ་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན། གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་ཨ་རིའི་སྲིད་འཛིན་གསར་པའི་ཚོད་དཔག་དཀའ་བའི་རང་གཤིས་ལ་སེམས་འཚབ་ཆེ་ཤོས་བྱེད་སྲིད་པ་རེད་ཅེས་བརྗོད་འདུག
བྷ་ཌན་གྱི་དུས་ཡུན་རིང་། རྒྱ་ནག་གི་གསང་མྱུལ་ལྒང་བུའི་གནད་དོན་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ཐའེ་ཝན་ལ་ཕེབས་པ་སོགས་ཀྱིས་ཕྱོགས་གཉིས་བར་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཡོད་ན་ཡང་། བྷ་ཌན་དང་ཞི་ཅིན་ཕིང་གཉིས་ཐེངས་གསུམ་ཐུག་འཕྲད་བྱས་ཤིང་། ལྷག་པར་དུ་ན་ནིང་ཨ་རིར་ཐུག་འཕྲད་བྱེད་པའི་སྐབས། རྒྱལ་ཁབ་གཉིས་པོས་བཟི་སྨན་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག བྷ་ཌན་གྱིས་ཊོམ་གྱི་དུས་ཡུན་དང་པོའི་སྐབས་ལྟར། རྒྱ་ནག་ལ་ཁྲལ་འབབ་མུ་མཐུད་བསྡུས་ཡོད་པ་མ་ཟད། ལོ་འདིའི་ཕྱི་ཟླ་༥ པའི་ནང་རྒྱ་ནག་གི་གློག་འཁོར་(Electric car)དང་། ཉི་འོད་གློག་གདན(Solar Panel)། ལྕགས་རིགས་བཅས་ལ་དམིགས་ནས་ཁྲལ་ཡང་བཀལ་ཡོད་འདུག ཁོང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་ཁ་གཏད་གཅོག་ཆེད། མཐུན་གྲོགས་རྒྱལ་ཁབ་ཚོའི་སྲུང་སྐྱོབ་ཀྱི་ནུས་པ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ན། ཨ་རིས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ཐེངས་འགའ་བརྗོད་ཡོད་འདུག ཟླ་བ་གཉིས་ཀྱི་རྗེས་སུ་སྲིད་འཛིན་ཟུར་པ་ཊོམ་ཨ་རིའི་ཕོ་བྲང་དཀར་པོར་བསླེབ་རྒྱུ་གཏན་འཁེལ་བས་ཕྱོགས་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་ནི་ངེས་པ་མེད་པ་ཞིག་ཏུ་འགྱུར་གྱི་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།

This will close in 0 seconds