ཨ་རྒྱ་གཉིས་ཀྱིས་ཕན་ཚུན་སྡིགས་བསྐུལ་བྱེད་རེས་བྱས་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གལ་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཉམ་དུ། སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་སྐབས་སུ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་བར་གྱི་ཚོང་དམག་ཐོག་གི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་ན། སྒོ་ཁྲལ་སྣོན་མ་རྒྱག་རྒྱུའི་སྡིགས་ར་བསྐུལ་འདུག་ཀྱང་། རྒྱ་ནག་ཕྱོགས་ཀྱིས་ཚོང་དམག་རྒྱག་པར་ཞེད་སྣང་མེད་སྐོར་བརྗོད་འདུག

ཟླ་༦ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཟླ་འདིའི་མཇུག་ཏུ་ཉི་ཧོང་དུ་འཚོག་རྒྱུ་ཡིན་པའི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་སྐབས་སུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཁོང་དང་མཉམ་དུ་ཐུག་འཕྲད་བྱེད་དགོས་པ་དང་། གལ་ཏེ་སྐབས་དེར་ཕྱོགས་གཉིས་བར་གྱི་ཚོང་དམག་ཐོག་གི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་ཚེ། རྒྱ་ནག་གི་ཚོང་ཟོག་སྣོན་མ་འབོར་ཨ་སྒོར་ཐེར་འབུམ་༣༠༠ ལ་སྒོ་ཁྲལ་རྒྱག་རྒྱུའི་སྡིགས་བསྐུལ་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བསྐྱར་བཤད་ཡང་བཤད་བྱས་འདུག་ཀྱང་། ད་བར་རྒྱ་ནག་ཕྱོགས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཊོམ་དང་ཐུག་འཕྲད་བྱེད་འཆར་ཡོད་མེད་ངེས་གཏན་བཟོས་མི་འདུག དེ་ཡང་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་འཛིན་ཊོམ་དང་ཐུག་འཕྲད་བྱེད་འཆར་ཡོད་མེད་ཀྱི་གནས་ཚུལ་དེ། ད་ལྟའི་ཆར་ཕྱི་སྲིད་ལས་ཁང་ལ་ཐོབ་མེད་པས། གནས་ཚུལ་དེ་ཐོབ་སྐབས་ཕྱིར་བསྒྲགས་བྱེད་རྒྱུ་ཡིན་སྐོར་བརྗོད་ནས། རྒྱ་ནག་ལ་ཚོང་དམག་རྒྱག་རྒྱུའི་འདོད་པ་མེད་ཀྱང་། ཚོང་དམག་རྒྱག་པར་ཞེད་སྣང་མེད་པ། རྒྱ་ནག་ངོས་ནས་འདྲ་མཉམ་གཞི་ལ་བཞག་ནས་གྲོས་མོལ་བྱེད་པར་གྲ་སྒྲིག་ཡིན་ཡང་། གལ་ཏེ་ཨ་རིར་ཚོང་དམག་ཚབས་ཆེ་རུ་གཏོང་རྒྱུའི་འདོད་པ་གཅིག་པུ་ལས་མེད་ན། རྒྱ་ནག་གིས་རྒོལ་ལན་བསློགས་ནས་མཐའ་མཇུག་བར་ཚོང་དམག་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱལ་སྤྱིའི་ཆབ་སྲིད་ནང་རྒྱལ་ཁབ་གཞན་གྱི་ཐོན་རྫས་ལ་སྒོ་ཁྲལ་རྒྱག་པའི་ཐབས་བྱུས་དེ་ནུས་པ་ལྡན་པ་ཞིག་ཡིན་སྐོར་བརྗོད་ནས། ཁོང་གིས་ཐབས་བྱུས་དེར་སྲུང་སྐྱོབ་བྱེད་བཞིན་འདུག དེ་ཡང་ཉེ་ཆར་ཁོང་གིས་ཁྱིམ་མཚེས་རྒྱལ་ཁབ་མེག་སི་ཁོ་ཡིས། རྒྱལ་ཁབ་དེ་བརྒྱུད་ནས་ཨ་རིར་སྐྱབས་བཅོལ་དུ་ཁྲིམས་འགལ་ཐོག་ཡོང་མཁན་རྣམས་བཀག་འགོག་གི་ལས་དོན་ཤུགས་ཆེ་རུ་མ་བཏང་ཚེ། རྒྱལ་ཁབ་དེའི་ཚོང་ཟོག་ལ་སྒོ་ཁྲལ་རྒྱག་རྒྱུའི་སྡིགས་བསྐུལ་བྱས་ཡོད་འདུག དེ་བཞིན་ཁོང་གིས་རྒྱ་ནག་གི་ཚོང་ཟོག་སྣོན་མ་ལ་སྒོ་ཁྲལ་རྒྱག་རྒྱུའི་གྲ་སྒྲིག་ཡོད་སྐོར་བརྗོད་པའི་ཉིན་རྗེས་མ་དེར། སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། སྒོ་ཁྲལ་རྒྱག་རྒྱུ་དེ་ནི་གྲོས་མོལ་གྱི་ལག་ཆ་ཡག་པོ་ཞིག་རེད་ཅེས་བཀོད་ཡོད་འདུག

ཟླ་༥ པའི་ཚེས་༡༠ ཉིན་ཨ་རིས་རྒྱ་ནག་གི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༢༠༠ ལ་སྒོ་ཁྲལ་བརྒྱ་ཆ་༢༥ སྤར་བ་མ་ཟད། ཚོང་ཟོག་སྣོན་མ་འབོར་ཨ་སྒོར་ཐེར་འབུམ་༣༠༠ ལ་སྒོ་ཁྲལ་རྒྱག་རྒྱུའི་ལས་དོན་འགོ་འཛུགས་བྱས་ཡོད་པས། རྒྱ་ནག་གིས་རྒོལ་ལན་དུ་ཨ་རིའི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༦༠ ལ་སྒོ་ཁྲལ་སྤར་ཡོད་འདུག

ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས། སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་སྐབས་སུ། ཨ་རྒྱ་གཉིས་བར་གྲུབ་འབྲས་ཐོན་པའི་གྲོས་མོལ་ཞིག་ཡོང་རྒྱུ་ཁག་པོ་ཡིན་ཡང་། ཕྱོགས་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། སྐབས་དེར་མདུན་བསྐྱོད་གང་འདྲ་བྱེད་དགོས་མིན་ཐད་མོས་མཐུན་ཡོང་རྒྱུའི་རེ་བ་ཡོད་སྐོར་བརྗོད་འདུག

ཨ་རིས་ཟླ་བ་༧ ལྷག་རིང་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཁྲོད། རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་གི་རིག་རྩལ་བདག་དབང་རྐུ་འཕྲོག་དང་། ཕྱོགས་གཉིས་བར་ཅ་དངོས་ནང་འདྲེན་དང་ཕྱི་འདྲེན་གྱི་རིན་གོང་ཆ་སྙོམས་མེད་པ་སོགས་ཀྱི་ཐོག་ལ་ཉམས་ཞིབ་བྱས་རྗེས། ཕྱི་ལོ་༢༠༡༨ ལོའི་ནང་ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་རྒྱག་འགོ་བཙུགས་ཡོད་པ་དང་། རྒྱ་ནག་གིས་རྒོལ་ལན་དུ་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱབ་ཡོད་པ་རེད། དེ་ཡང་དེ་སྔོན་ཡིན་ན་ ཨ་རྒྱ་གཉིས་བར་ཅ་དངོས་ནང་འདྲེན་དང་ཕྱི་འདྲེན་ཁྲོད། ཨ་རིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་༣༧༥ ལྷག་གི་ཅ་དངོས་ཕྱི་འདྲེན་ཉུང་བ་བྱེད་ཀྱི་ཡོད་འདུག

ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་ཨ་རིས་རྒྱ་ནག་གི་ཁ་པར་བཟོ་སྐྲུན་ཚོང་ལས་ཁང་ཆེ་ཤོས་ཧུ་ཝེ་ཡིས། རྒྱ་ནག་གཞུང་གིས་བརྒྱུད་བསྐུལ་འོག་ཨ་རིར་ལྟ་སྲུང་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ཀྱིས། ཨ་རིའི་ཚོང་ལས་ཁང་རྣམས་ཧུ་ཝེ་དང་ཚོང་འབྲེལ་བྱེད་མི་ཆོག་པ་བཟོས་ཡོད་པ་རེད་དེ། ཧུ་ཝེ་ཚོང་ལས་ཁང་དེ་ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོ་ཞིག་ནང་ཚོང་ལས་མུ་མཐུད་གཉེར་རྒྱུའི་གོ་སྐབས་ཐོབ་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།