ཨ་རྒྱ་གཉིས་ཀྱིས་ཚོང་འབྲེལ་གྲོས་མཐུན་རིམ་པ་དང་པོའི་མཇུག་སྐྱོང་རྒྱུར་མོས་མཐུན་བྱས་པ།
ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཕྱོགས་མང་པོ་ཞིག་ནས་འགལ་ཟླ་རྒྱུན་མི་ཆད་པར་ཡོང་བཞིན་ཡོད་མིན་ལ་མ་ལྟོས་པར། ཚོང་འབྲེལ་གྲོས་མཐུན་རིམ་པ་དང་པོའི་དགོངས་དོན་རྣམས་མུ་མཐུད་ལག་ལེན་བསྟར་རྒྱུར་འབད་བརྩོན་བྱ་རྒྱུར་མོས་མཐུན་བྱུང་འདུག
དེ་རིང་སྟེ་ཕྱི་ཟླ་༨ ཚེས་༢༥ རེས་གཟའ་མིག་དམར་ཉིན་ཨ་རི་དང་རྒྱ་ནག་གི་གྲོས་མོལ་སྐུ་ཚབ་གཙོ་བོ་རྣམས་ཁ་པར་བརྒྱུད་དེ་གླེང་མོལ་བྱས་པའི་རྗེས། ཕྱོགས་གཉིས་ཀས་དེ་སྔོན་བཞག་པའི་ཚོང་འབྲེལ་གྲོས་མཐུན་རིམ་པ་དང་པོའི་དགོངས་དོན་རྣམས་མུ་མཐུད་ལག་ལེན་བསྟར་རྒྱུར་འབད་བརྩོན་བྱ་རྒྱུར་མོས་མཐོན་བྱས་ཡོད་ཚུལ་བསྒྲགས་འདུག
འཛམ་གླིང་གི་དཔལ་འབྱོར་ཨང་དང་པོ་དང་གཉིས་པར་གྱུར་བའི་ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་འདས་པའི་ལོ་གཉིས་ནང་ཁྱོད་ཤི་ང་གསོན་གྱི་ཚོང་དམག་འཁྲུགས་རྗེས། འདི་ལོའི་ཕྱི་ཟླ་༡ པོའི་ནང་གྲོས་མཐུན་རིམ་པ་དང་པོ་བཞག་པ་དང་། དེའི་ནང་རྒྱ་ནག་གིས་འབྱུང་འགྱུར་ལོ་གཉིས་ཀྱི་ནང་ཚུན་དུ་ཨ་རིའི་ལག་ནས་འཕྲུལ་ཆས་དང་། སྣུམ། ཞིང་ལས་ཐོན་རྫས་ཀྱིས་མཚོན་པའི་ཨ་སྒོར་ཐེར་འབུམ་༢༠༠ ཡི་ཚོང་ཟོག་ཉོ་རྒྱུའི་ཁས་ལེན་བྱས་ཡོད།
ཡིན་ན་ཡང་། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ལ་བརྟེན་ནས་གྲོས་མཐུན་དེ་ལག་བསྟར་བྱེད་ཁག་པོར་གྱུར་བ་དང་། རྒྱ་ནག་གིས་གྲོས་མཐུན་གྱི་འབྲུ་དོན་ཇི་བཞིན་ཨ་རིའི་ཚོང་ཟོག་ཉོ་མ་ཐུབ་པར་རྗེས་ལུས་ཐེབས་སྟབས། གྲོས་མཐུན་དེ་དཀའ་རྙོག་ཅིག་ཏུ་འགྱུར་སྲིད་པའི་སེམས་འཚབ་ཡོད་འདུག་ན་ཡང་། དེ་རིང་འབྲེལ་ཡོད་སྐུ་ཚབ་རྣམས་ཀྱིས་གྲོས་མཐུན་དེ་མུ་མཐུད་གནས་རྒྱུ་ཡིན་ཚུལ་བཤད་ཡོད་འདུག
ཐེངས་འདིའི་གྲོས་མོལ་ཡང་དེ་སྔོན་ལྟར་ཨ་རིའི་ཚོང་དོན་སྐུ་ཚབ་རོ་བྷར་ཊི-ལའི་ཊི་ཛར་(Robert Lighthizer) དང་། ནོར་སྲིད་དྲུང་ཆེ་སི་ཊི་ཝེན-མན་ཆན་(Steven Mnuchin) གཉིས་དང་། རྒྱ་ནག་གྱི་སྲིད་བློན་གཞོན་པ་ལེའུ་ཧེ་(Liu He) བཅས་ཀྱི་བར་དུ་བྱུང་འདུག་ཅིང་། འབྲེལ་ཡོད་སྐུ་ཚབ་རྣམས་ཀྱིས་ཕྱི་ཟླ་༥ པའི་འགོ་སྟོད་ནས་དངོས་སུ་གྲོས་མོལ་བྱེད་འགོ་བརྩམས་ཡོད་འདུག
ཨ་རིའི་སྐུ་ཚབ་ཀྱིས་ཕྱོགས་གཉིས་ཀ་ནས་“ཡར་རྒྱས་མཐོང་བ་མ་ཟད། གྲོས་མཐུན་འདི་ལེགས་གྲུབ་ཡོང་བ་ལ་དགོས་ངེས་ཀྱི་གོམ་པ་གང་ཞིག་རྒྱག་དགོས་ཀྱང་རྒྱག་རྒྱུའི་ཆོད་སེམས་ཡོད་”ཅེས་བཤད་འདུག་པ་ལྟར། པེ་ཅིང་གི་ཕྱོགས་ནས་ཀྱང་རྒྱལ་ཁབ་གཉིས་ཀྱི་བར་དུ་“དོན་ཕན་ལྡན་པའི་གྲོས་མོལ་ཞིག་”བྱུང་བ་དང་། ཚོང་འབྲེལ་གྲོས་མཐུན་རིམ་པ་དང་པོའི་འབྲུ་དོན་ལག་ལེན་བསྟར་རྒྱུར་མོས་མཐུན་བྱུང་སྐོར་བསྒྲགས་འདུག
དེང་སྐབས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་། རྒྱ་ནག་གིས་ཤིན་ཅང་ལ་བཟུང་བའི་སྲིད་བྱུས། དེ་བཞིན་ཧོང་ཀོང་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ནས་ཨ་རི་དང་རྒྱ་ནག་བར་དུ་འགལ་ཟླ་ཟམ་མི་ཆད་པར་ཡོང་བཞིན་ཡོད་པར་བརྟེན། ཐེངས་འདིའི་གྲོས་མཐུན་གྱིས་ཨ་རྒྱ་གཉིས་ལ་བརྟེན་པའི་རྒྱལ་སྤྱིའི་ཁྲོམ་རའི་སེམས་འཚབ་ཡང་དུ་བཏང་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།