ཨ་རྒྱ་གཉིས་བར་སྒོ་ཁྲལ་འགེལ་རེས་བྱེད་སྐབས་དང་བསྟུན་ནས་རྒྱ་ནག་གི་སྲིད་འཛིན་ཝེ་ཐེ་ནམ་དུ་བསླེབས་འདུག
ཨ་རྒྱ་གཉིས་ཀྱི་བར་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རེས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་སུ། རྒྱ་ནག་གི་སྲིད་འཛིན་ཝེ་ཐེ་ནམ་ལ་ཕྱིན་ནས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དམ་ཟབ་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད་འདུག་པ་དང་། ཨ་རྒྱ་གཉིས་ནི་ཝེ་ཐེ་ནམ་གཞུང་གིས་དངོས་ཟོག་ནང་འདྲེན་དང་ཕྱིར་གཏོང་བྱེད་ས་གཙོ་བོ་གཉིས་ཆགས་ཡོད་ན་ཡང་། ཨ་རིའི་སྒོ་ཁྲལ་ལ་བརྟེན་ནས། ཝེ་ཐེ་ནམ་གྱིས་སེམས་འཚབ་བྱེད་བཞིན་ཡོད་འདུག རྒྱ་ནག་དང་ཝེ་ཐེ་ནམ་བར་ས་ཆའི་རྩོད་རྙོག་ཡོད་མེད་ལ་མ་ལྟོས་པར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འཆར་ཡོད་འདུག

ཟླ་འདིའི་ཚེས་༡༤ ཨེ་པི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ཐོག་དཔལ་འབྱོར་ཡང་རྩེ་ལ་སོན་པའི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རེས་བྱས་ནས་ཚོང་གི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པའི་སྐབས། ཟླ་འདིའི་ཚེས་༡༤ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཝེ་ཐེ་ནམ་གྱི་རྒྱལ་ས་ལ་འབྱོར་བ་དང་། ཁོས་ཨ་རིས་སྒོ་ཁྲལ་འགེལ་བཞིན་པའི་སྐབས་སུ། ཝེ་ཐེ་ནམ་དང་ཚོང་འབྲེལ་སོགས་ཀྱི་ཐད་འབྲེལ་ལམ་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད་འདུག ཞི་ཅིན་ཕིང་ཝེ་ཐེ་ནམ་ལ་ཉིན་གཉིས་བསྡད་ནས་ཝེ་ཐེ་ནམ་གྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་(To Lam) དང་སྲིད་བློན་(Pham Minh Chenh) སོགས་དང་ཐུག་འཕྲད་བྱེད་འཆར་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས། ཨ་རིའི་སྲིད་འཛིན་ཊོམ་གྱིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རྒྱུ་དེ་ཉིན་གྲངས་༩༠ རིང་མཚམས་འཇོག་བྱས་ཡོད་ན་ཡང་། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་གལ་སྲིད་ཁོས་ཉིན་དགུ་བཅུའི་རྗེས་སུ་ལག་བསྟར་བྱས་ཚེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་དཀའ་ངལ་འཕྲད་སྲིད་པའི་སེམས་འཚབ་བྱེད་བཞིན་ཡོད་པར་བརྗོད་འདུག ལྷག་པར་དུ་ཞི་ཅིན་ཕིང་གི་ལྟ་སྐོར་གྱི་དུས་ཚོད་དེས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་དེ་དག་ལ་རྒྱ་ནག་གལ་ཆེན་ཆགས་ཡོད་པའི་ཆབ་སྲིད་ཀྱི་བརྡ་ལན་ཤུགས་ཆེན་ཞིག་སྤྲད་ཡོད་པར་བརྗོད་འདུག
ཝེ་ཐེ་ནམ་ནི་རྒྱ་ནག་དང་འདྲ་བར། དམར་ཤོག་ཚོགས་པ་གཅིག་གི་ལམ་ལུགས་འོག་གནས་བཞིན་ཡོད་ན་ཡང་། ཨ་རི་དང་མཉམ་དུ་འབྲེལ་ལམ་ཟབ་ཅིང་། ཕྱི་ལོ་༢༠༢༣ ལོར། ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀ་གདན་འདྲེན་ཞུ་ཐུབ་མཁན་གྱི་རྒྱལ་ཁབ་གཅིག་པུ་དེ་གྱུར་ཡོད་པ་མ་ཟད། ཨུ་རུ་སུ་དང་རྒྱ་ནག་བཅས་དང་ལྷན་ཕྱི་འབྲེལ་གྱི་ཆུ་ཚད་གོང་མཐོར་སོང་བ་བཞིན། ཨ་རི་དང་ལྷན་དུ་ཡང་ཕྱི་འབྲེལ་གྱི་ཆུ་ཚད་གོང་མཐོར་བཏང་ཐུབ་ཡོད་འདུག
རྒྱ་ནག་དང་ཝེ་ཐེ་ནམ་བར་ཚོང་འབྲེལ་ཇི་ལྟར་ཤུགས་ཆེ་ན་ཡང་། ཕྱོགས་གཉིས་ཀྱི་བར་དུས་ཡུན་རིང་པོ་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་ཐད་རྩོད་རྙོག་ཡོད་པ་དང་། ཝེ་ཐེ་ནམ་དང་རྒྱ་ནག་གི་མཚོ་སྲུང་དམག་མིའི་བར་གདོང་ཐུག་བྱེད་མྱོང་ན་ཡང་། དེ་དག་མང་ཚོགས་ལ་ཡོངས་བསྒྲགས་བྱེད་ཀྱི་མེད་པ་རེད་འདུག།
གཞན་ཡང་། རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཟླ་བ་༡༨ ནང་ཝེ་ཐེ་ནམ་ལ་ཕྱིན་པ་ཐེངས་མ་གཉིས་པ་དེ་ཆགས་ཀྱི་ཡོད་འདུག་པ་དང་། དེ་བཞིན་ཟླ་འདིའི་ཚེས་༡༥ ནས་༡༨ བཅས་ལ། ཁོ་ཀམ་བྷོ་ཌི་ཡ་དང་མ་ལི་ཤེ་ཡ་བཅས་སུ་འགྲོ་རྒྱུ་ཡིན་པ་དང་། དེ་ནི་ལོ་དགུ་དང་བཅུ་གཉིས་ཀྱི་རྗེས་སུ་ཐོག་མར་ཆགས་ཡོད་འདུག
ཝེ་ཐེ་ནམ་གྱི་སྲིད་འཛིན་གཞོན་པས་རྒྱ་ནག་དང་ཝེ་ཐེ་ནམ་བར་ཁྱབ་ཁོངས་ཀྱི་སྡེ་ཚན་མང་པོའི་ནང་གྲོས་མཐུན་༤༠ ཙམ་ལ་མིང་རྟགས་འགོད་རྒྱུ་ཡིན་ཞེས་བརྗོད་འདུག་ལ། ཝེ་ཐེ་ནམ་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེས་བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། ཝེ་ཐེ་ནམ་གྱི་ངོས་ནས་རྒྱ་ནག་དང་དམག་དོན་དང་བདེ་འཇགས། དེ་བཞིན་རྨང་གཞིའི་འཛུགས་སྐྲུན། མེ་འཁོར་ལྕགས་ལམ་འབྲེལ་མཐུད་ཐད་མཉམ་ལས་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་འདུག
ལོ་འདིའི་ཟླ་བ་གསུམ་གྱི་རིང་། ཝེ་ཐེ་ནམ་གྱིས་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ་༣༠ དངོས་ཟོག་ནང་འདྲེན་བྱས་ཡོད་པ་མ་ཟད། ཨ་སྒོར་ཐེར་འབུམ་༣༡།༤ དངོས་ཟོག་ཨ་རི་ལ་ཕྱིར་འདྲེན་བྱས་ཤིང་། ཨ་རྒྱ་གཉིས་ནི་ཝེ་ཐེ་ནམ་གྱི་ཚོང་དོན་དང་འབྲེལ་བ་གལ་ཆེན་ཆགས་ཡོད་འདུག ཉེ་ཆར་ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་བརྒྱ་ཆ་༡༤༥ བཀལ་བ་དང་ཝེ་ཐེ་ནམ་ལ་སྒོ་ཁྲལ་བརྒྱ་ཆ་༤༦ བཀལ་བ་སོགས་ཀྱི་དུས་སྐབས་སུ། རྒྱ་ནག་གི་སྲིད་འཛིན་ཝེ་ཐེ་ནམ་ལ་ལྟ་སྐོར་དུ་བསླེབས་པ་ཡིན་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།