ཨ་རྒྱའི་ཆེས་མཐོའི་འགོ་ཁྲིད་འགའ་ཐུག་འཕྲད་ཀྱིས་ཨ་རྒྱ་གཉིས་མཉམ་ལས་བྱེད་ཕྱོགས་སྐོར་གླེང་ཡོད་འདུག

ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱི་དམ་འབུལ་གྱི་མཛད་སྒོའི་སྔ་ནུབ་དེར། རྒྱ་ནག་གི་སྲིད་འཛིན་གཞོན་པ་དང་ཨ་རིའི་འདེམས་ཐོན་སྲིད་འཛིན་གཞོན་པ། འཛམ་གླིང་གི་ཕྱུག་བདག་ཨེ་ལོན་མ་སི་ཁེའི་ཚོང་ལས་འགོ་ཁྲིད་ཁག་ཅིག་དང་མཉམ་དུ་རྒྱལ་ས་ཝ་ཤིན་ཊོན་ལ་ཐུག་འཕྲད་བྱས་ནས་ས་ཁུལ་གྱི་བརྟན་ལྷིང་དང་ཚོང་དོན་སོགས་ཀྱི་ཐོག་གྲོས་བསྡུར་བྱས་ཡོད་འདུག ད་ལྟའི་དུས་སྐབས་འདི་ནི་ཨ་རི་དང་རྒྱ་ནག་བར་ཚོང་འབྲེལ་དང་འཕྲུལ་ཆས་ཐད་ཀྱི་འགལ་ཟླ་ལ་གདོང་ལེན་བྱེད་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་བཞི་པའི་ནང་ཊོམ་རྒྱ་ནག་ལ་འགྲོ་སྲིད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

པར། Firstpost

ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༩ ཉིན་ཏེ། ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱི་དམ་འབུལ་གྱི་མཛད་སྒོའི་སྔ་ནུབ་ཏུ། རྒྱ་ནག་གི་སྲིད་འཛིན་གཞོན་པ་དང་ཨ་རིའི་འདེམས་ཐོན་སྲིད་འཛིན་གཞོན་པ་གཉིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཐུག་འཕྲད་བྱས་ནས་ཚོང་དང་ས་ཁུལ་བརྟན་ལྷིང་། ཉལ་ཐ་(Fentanyl) ཞེས་པ་བཅས་ཀྱི་ཐོག་ལ་གྲོས་མོལ་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཐུག་འཕྲད་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་ནག་གི་སྲིད་འཛིན་གཞོན་པས། རྒྱལ་ཁབ་གཉིས་ཀྱི་བར་འགལ་ཟླ་དང་འཁྲུལ་རྐྱེན་འགའ་ཤས་ཡོད་ན་ཡང་། ཕྱོགས་གཉིས་ཀྱི་བར་དཔལ་འབྱོར་དང་ཚོང་འབྲེལ་ཐད་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་གོ་སྐབས་ཆེན་པོ་ཡོད་ཅེས་ནན་བརྗོད་བྱས་ཡོད་པར་བརྗོད་འདུག

ཊོམ་གྱིས་འོས་བསྡུའི་སྐབས། རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་འཕར་མ་འགེལ་རྒྱུ་ཡིན་ཞེས་དྲིལ་བསྒྲགས་བྱས་ཡོད་ན་ཡང་། ཟླ་བ་སྔོན་མའི་ནང་། ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཁོང་གི་དམ་འབུལ་མཛད་སྒོར་ཡོང་བའི་མགྲོན་བརྡ་བཏང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་རྒྱུས་ཡིག་ཚགས་ལྟར་ན། ད་བར་རྒྱ་ནག་གི་གཙོ་འཛིན་ཞིག་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་ལ་བསླེབས་མྱོང་མེད་པ་རེད་འདུག

རྒྱ་གཞུང་གིས་འདེམས་ཐོན་སྲིད་འཛིན་ཊོམ་གྱི་དམ་འབུལ་མཛད་སྒོར་ཞི་ཅིན་ཕིང་གི་ཚབ་ཏུ་སྲིད་འཛིན་གཞོན་པ་བཏང་ཡོད་པ་མ་ཟད། ཟླ་འདིའི་ཚེས་༡༧ ཉིན། འདེམས་ཐོན་སྲིད་འཛིན་ཊོམ་དང་རྒྱ་ནག་གི་སྲིད་འཛིན་བར་ཁ་པར་བརྒྱུད་ནས། ཨ་རིའི་ནང་རྒྱ་ནག་གི་མཉེན་ཆས་ཀྲི་ཀྲོ་བཀག་སྡོམ་བྱེད་རྒྱུའི་གནད་དོན་དང་། ཡུག་རེན་གྱི་དམག་འཁྲུག ཉལ་ཐ་དང་ཚོང་དོན། ཐའེ་ཝན་སོགས་ཀྱི་ཐོག་ལ་སྐད་ཆ་བཤད། ཞི་ཅིན་ཕིང་གིས་ཐའེ་ཝན་གྱི་གནད་དོན་ནི་རྒྱ་ནག་གི་མངའ་ཁོངས་དང་བདག་དབང་ལ་ཐུག་ཡོད་པས། དེར་གཟབ་གཟབ་ངང་འཇུག་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ཊོམ་གྱི་སྲིད་འཛིན་གྱི་དུས་ཡུན་དང་པོའི་རིང་། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཉམས་ཆགས་ཕྱིན་ཡོད་པར་བརྟེན། ད་ཐེངས་ཊོམ་སླར་ཡང་ཨ་རིའི་སྲིད་སྟེགས་སུ་བསླེབས་པར་བརྟེན། ཨ་རྒྱ་གཉིས་ཀྱི་འབྲེལ་བ་ནི་མི་རྣམས་ཀྱི་དོ་སྣང་ཤུགས་ཆེན་བྱེད་ས་ཞིག་ཏུ་གྱུར་ཡོད་འདུག་ལ། ཨེ་པེ་(AP) གསར་ཁང་གིས་འདས་པའི་ཉིན་ཤས་རིང་། ཨ་རྒྱའི་འབྲེལ་ལམ་བཟང་ཕྱོགས་སུ་འགྱུར་བའི་རྣམ་པ་མངོན་ཡོད་པར་བརྗོད་འདུག

ཚོགས་འདུའི་རྗེས་སུ། ཊོམ་གྱི་རྒྱབ་སྐྱོར་བ་ཨ་རིའི་ཕྱུག་བདག་ཨེ་ལོན་མ་སི་ཁེས་རྒྱ་ནག་གི་མཉེན་ཆས་ཀྲི་ཀྲོ་ཨ་རིའི་ནང་བཀག་སྡོམ་བྱེད་པ་ནི་སྨྲ་བརྗོད་རང་དབང་དང་འགལ་གྱི་ཡོད་པར་བརྟེན། ཁོང་གིས་དུས་ཡུན་རིང་པོ་ནས་ཨ་རིའི་ནང་ཀྲི་ཀྲོ་བཀག་སྡོམ་ལ་ངོ་རྒོལ་བྱས་ཡོད་ཅེས་དང་། ད་ལྟའི་ཆར་ཀྲི་ཀྲོ་ཨ་རིའི་ནང་བཀོལ་སྤྱོད་ཐུབ་ཀྱང་། ཨིག་སི་(x) དྲྭ་རྒྱ་རྒྱ་ནག་ཏུ་སྤྱོད་མི་ཆོག་པ་ནི་དྲང་བདེན་མིན་ཞིང་། དེར་འགྱུར་བ་ཞིག་ངེས་པར་དུ་གཏོང་དགོས་པ་ཞིག་རེད་ཅེས་བྲིས་ནས་ཨིག་སི་དྲྭ་རྒྱའི་ཐོག་སྤེལ་ཡོད་འདུག རྒྱ་ནག་ནང་ཨིག་སི་ཙམ་མ་ཡིན་པ། ཡུ་ཊུབ་(youtube) དང་། གུ་གལ(Google) ངོ་དེབ་སོགས་ཨ་རིའི་མཉེན་ཆས་དུ་མ་ཞིག་བཀག་སྡོམ་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་(Firstpost) ཞེས་པའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཊོམ་གྱིས་འོས་བསྡུའི་སྐབས། རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༦༠ འགེལ་རྒྱུའི་འཇིགས་སྐུལ་བྱས་ཀྱང་། ཉམས་དམས་སུ་ཕྱིན་པའི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཆེད། ལོ་འདིའི་ཕྱི་ཟླ་༤ པའམ། ཁོང་ཉིད་སྲིད་འཛིན་ཆགས་ནས་ཉིན་གྲངས་བརྒྱའི་ནང་ཚུན། རྒྱ་ནག་ཏུ་ཕྱིན་ནས་ཞི་ཅིན་ཕིང་དང་ཐུག་འཕྲད་བྱེད་རྒྱུའི་རེ་བ་རྒྱག་བཞིན་ཡོད་པར་བརྗོད་འདུག དེ་བཞིན། རྒྱ་ནག་གིས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་ཁོང་ཁྲོ་ལངས་བཅུག་ཡོད་ན་ཡང་། ཊོམ་ལ་མཚོན་ན། ཞི་ཅིན་ཕིང་ནི་ཡུག་རེན་གྱི་དམག་འཁྲུག་མཇུག་སྒྲིལ་བར་རོགས་ཟླ་ཡང་དག་གཅིག་གྱུར་སྲིད་པའི་གནས་ཚུལ་སྤེལ་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།