ཨ་རྒྱའི་བར་དཔལ་འབྱོར་སོགས་ཀྱི་སྟོབས་ཤུགས་འགྲན་རྩོད་དང་དེ་རིང་སེང་གྷ་པོར་དུ་དེ་འབྲེལ་གྱི་གྲོས་མོལ།

ད་ཆར་ཨ་རི་དང་རྒྱ་ནག་གཉིས་བར་སྟོབས་ཤུགས་འགྲན་རྩོད་ཆེན་པོ་ཡོང་བཞིན་ཡོད་འདུག་ཅིང་། རྒྱ་ནག་གིས་ཨ་རི་དང་ལྷན་དུ་དམག་འཁྲུག་རྒྱག་འདོད་མེད་ཀྱང་། དཔལ་འབྱོར་གྱི་ཐོག་ནས་གང་མགྱོགས་འཛམ་གླིང་གི་ཐོག་ཨང་དང་པོ་འགྱུར་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་པར་རྗོད་ཀྱི་འདུག་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཨ་རྒྱ་གཉིས་བར་ཕྱོགས་ཡོངས་ནས་ད་ཆར་འགྲན་རྩོད་ཆེན་པོ་ཡོང་བཞིན་ཡོད་འདུག

ཕྱི་ཚེས་༣༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་ཨ་རྒྱ་གཉིས་བར་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཐོག་ནས་འགྲན་རྩོད་ཆེན་པོ་ཞིག་ཡོང་བཞིན་ཡོད་འདུག་པ་དང་། རྒྱ་ནག་ལ་མཚོན་ན་ཨ་རི་དང་ལྷན་དུ་དམག་འཁྲུག་རྒྱག་འདོད་མེད་ཀྱང་། གང་མགྱོགས་འཛམ་གླིང་ཐོག་ཏུ་དཔལ་འབྱོར་ཨང་དང་པོ་ཆགས་རྒྱུའི་རེ་བ་བཟུང་ནས་ཨ་རི་དང་ལྷན་དུ་དཔལ་འབྱོར་གྱི་འགྲན་རྩོད་ཆེན་པོ་ཞིག་བྱེད་བཞིན་ཡོད་པའི་སྐབས་འདིར། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དེ་འགོག་རྒོལ་བྱེད་རྒྱུ་ལ་དམིགས་ནས་རྒྱ་ནག་དང་ལྷན་དུ་ཚོང་དོན་དམག་འཁྲུག་འགོ་བཙུགས་པ་དང་། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་ཐོག་ནས་རྒྱ་ནག་གི་དབང་ཤུགས་ལ་ཕྱོགས་ཡོངས་ནས་འགོག་རྒོལ་བྱེད་བཞིན་ཡོད་པར་བརྗོད། དཔེར་ན། རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དང་། ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སོགས་ལ་ཨ་རིའི་དམག་དཔུང་ཕོན་ཆེན་བཞག་ཡོད་འདུག་ཅིང་། དེ་བཞིན་ཉི་ཧོང་དང་ལྷོ་ཀོ་རེ་ཡའི་ནང་དུའང་ཨ་རིའི་དམག་དཔུང་སྟོང་ཕྲག་མང་པོ་བཞག་ནས་རྒྱ་ནག་གིས་མངའ་ཁུལ་དེའི་ནང་དབང་བསྒྱུར་བྱེད་པར་འགོག་རྒོལ་བྱེད་བཞིན་འདུག འོན་ཀྱང་། ད་ཆར་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་དང་གཞན་ནུས་པ་ལྡན་པའི་གོ་མཚོན་རིགས་གསར་བཟོ་བྱས་ནས། ཨ་རིའི་གཞུང་ལ་དུས་ལ་འགྱུར་བ་ཕྱིན་ཡོད་པས། ཨ་རྒྱ་གཉིས་བར་སྟོབས་ཤུགས་འགྲན་རྩོད་བྱེད་པ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་པར་བརྡ་ལན་སྤྲོད་ཐབས་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག 

དེ་རིང་གཟའ་པ་སངས་ཉིན་(The Shangri-La Dialogue)ཤམ་བྷ་ལའི་གྲོས་མོལ་ཟེར་བ་ཨ་རྒྱ་གཉིས་བར་གྱི་གྲོས་མོལ་ཞིག་སེང་གྷ་པུར་རྒྱལ་ཁབ་ནང་འགོ་འཛུགས་བྱས་ཡོད་འདུག་ཅིང་། གྲོས་མོལ་དེ་ཉིན་གྲངས་གསུམ་རིང་བྱེད་རྒྱུ་ཡིན་འདུག་ལ། གྲོས་མོལ་དེ་ལ་བརྟེན་ནས་མ་འོངས་པར་ཨ་རྒྱ་གཉིས་བར་མངའ་ཁུལ་དེ་དག་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་གནད་དོན་ཞིག་ཡོང་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག 

                   མངའ་ཁུལ་དབང་བསྒྱུར་ཐད་འཐབ་རྩོད།

ད་ལྟ་ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་མངལ་ཁུལ་དུ་ཨ་རྒྱ་གཉིས་བར་མངའ་ཁུལ་བདེ་འཇགས་ཐད་རྩོད་རྙོག་རྣོ་ངར་ཅན་ཞིག་ཡོང་བཞིན་ཡོད་འདུག་པ་དང་། རྒྱ་ནག་གི་བཅིངས་གྲོལ་དམག་མི་ཟེར་བས་མངལ་ཁུལ་དེ་དག་ནང་མཚོ་དམག་གི་སྟོབས་ཤུགས་ཡོད་ཚད་འགྲེམས་འཇོག་ཆེན་པོ་བྱེད་ཡོད་འདུག་ཅིང་། དེང་རབས་ཀྱི་གོ་མཚོན་འདྲ་མིན་དང་། ཐོན་གསར་ཤོས་ཡིན་པའི་རྒྱ་ནག་གི་གནམ་གྲུ་(J20) ཟེར་བ་སོགས་མངའ་ཁུལ་དེ་དག་ནང་འགྲེམས་འཇོག་བྱས་ནས་ཨ་རི་ལ་ཁ་གཏད་ནན་ཏན་གཅོག་གི་ཡོད་འདུག་ལ། ད་དུང་རྡུལ་ཕྲན་མཚོན་ཆ་སྔར་ལས་ཇེ་མང་དུ་བཏང་ནས་ས་ཁུལ་དེ་དག་གི་ནང་ཨ་རིས་ལས་སླ་བོར་དབང་བསྒྱུར་ཐུབ་ཀྱི་མེད་པར་བརྗོད་འདུག 

ཨ་རི་ལ་མཚོན་ན་ཉི་ཧོང་ནང་དུ་ཡོད་པའི་དམག་གི་རྟེན་གཞི་(Yokosuka)ཟེར་བ་ནས་ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དབང་བསྒྱུར་ལ་སྔར་བཞིན་ནུས་པ་འཐོན་གྱི་མེད་པས། རྒྱ་ནག་དང་ཨ་རི་གཉིས་བར་ད་ཆར་གདོང་ཐུག་དྲག་པོ་འབྱུང་བཞིན་ཡོད་པར་བརྗོད་འདུག 

      ཐའེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོ།

ཐའེ་ཝན་གླིང་ཕྲན་ལ་མཚོན་ན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གང་མགྱོགས་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ཡིན་པ་དང་། དྲག་པོའི་དམག་གཏོང་དགོས་ཀྱང་གཏོང་རྒྱུ་ཡིན་ཚུལ་རྗོད་ཀྱི་ཡོད། འོན་ཀྱང་། ཐའེ་ཝན་ནི་འཛམ་གླིང་གི་དཔལ་འབྱོར་ཁྲོམ་རྭའི་ཁྲོད་དེང་རབས་འཕྲུལ་རིགས་ལ་དགོས་མཁོ་ཆེ་བའི་(microchip)ཟེར་བའི་ཡོ་ཆས་དེ་བརྒྱ་ཆ་༩༠ ཐའེ་ཝན་ནང་དུ་བཟོ་བཞིན་ཡོད་འདུག་པར་བརྟེན། ཐའེ་ཝན་དེ་ས་ཁུལ་ཆུང་ཆུང་ཞིག་ལས་མེད་ཀྱང་། དཔལ་འབྱོར་གྱི་ཐད་མེད་དུ་མི་རུང་བའི་ས་ཁུལ་ཞིག་ཆགས་ཀྱི་ཡོད་འདུག དེ་བཞིན་ད་ཆར་ཐའེ་ཝན་ནང་དུ་ཡོད་པའི་མི་མང་ཕོན་ཆེ་བས་ཐའེ་ཝན་གླིང་ཕྲན་དེ་རྒྱ་ནག་ལ་དབང་བསྒྱུར་འཇུག་འདོད་མེད་པའི་སྐོར་གྱི་སྙན་ཐོ་ཞིག་ཐོན་ཡོད་འདུག་ལ།  ཨ་རིས་ཐའེ་ཝན་ལ་གོ་མཚོན་དང་གཞན་བདེ་སྲུང་གི་ཆེད་དུ་མ་དངུལ་ཕོན་ཆེན་སྤྲད་ཡོད་ཀྱང་། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དམག་བརྒྱབ་ན་ཨ་རིས་དམག་རོགས་གཏོང་གི་རེད་དམ་ཟེར་བ་ནི་དྲི་བ་ཆེན་པོ་ཞིག་ཡིན་འདུག སྲིད་འཛིན་ཟུར་པ་བྷ་ཌན་གྱི་སྐབས་སུ་ཨ་རིའི་དམག་དཔུང་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་ཀྱང་། ད་ཆར་སྲིད་འཛིན་ཊོམ་གྱིས་དམག་རོགས་གཏོང་མིན་ནི་ལབ་དཀའ་བ་ཞིག་ཡིན་འདུག རྒྱ་ནག་གིས་ད་ཆར་རྒྱ་ནག་རྒྱ་མཚོ་དེ་དབང་བསྒྱུར་ནས་རྒྱ་ནག་གི་མཚོའམ(Chinese lake)ཟེར་བ་ཞིག་བཟོ་ཐབས་བྱེད་བཞིན་ཡོད་འདུག་ཅིང་། མངའ་ཁུལ་དེའི་ནང་དམག་གི་རྟེན་གཞི་དང་གོ་མཚོན་སོགས་ཡར་རྒྱས་བཏང་ནས་དམིགས་ཡུལ་ཆེན་པོ་འཛིན་བཞིན་ཡོད་འདུག  མ་འོངས་པར་ལོ་རེའི་ནང་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གསུམ་རེའི་ཚོང་འབྲེལ་ཐོག་ནས་ཡོང་འབབ་བཟོ་རྒྱུའི་དམིགས་ཡུལ་ཡོད་པར་བརྗོད་འདུག་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་མངའ་ཁུལ་དེའི་ནང་རྒྱ་ནག་གིས་དོ་དམ་ནན་པོ་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།