ཨ་རྒྱའི་ཚོང་དམག་ཁྲོད་གནོད་འཚེ་ཕོག་ཡུལ་ཡེ་ཤུའི་གསུང་རབ་ཆགས་སྲིད། 

བྷེ་བྷེ་སི་གསར་ཁང་ནས་ཚེས་༩ ཉིན་སྤེལ། 

དཀོན་མཆོག་རབ་བརྟན་གྱིས་ཚེས་ ༡༡ ཉིན་བསྒྱུར་ནས་སྤེལ། 

(གོ་བདེ་བའི་ཆེད་དུ་དོན་སྒྱུར་གཙོ་བོ་བྱས་ཡོད།)

གལ་སྲིད་པེ་ཅིང་དང་ཝ་ཤིན་ཏྲོན་གཉིས་ཀྱི་གྲོས་མོལ་དེ་ལམ་ལྷོང་མ་བྱུང་བ་ཡིན་ན། སྲིད་འཛིན་ཊོམ་གྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཟོང་ཟོག་ཡོད་དོ་ཅོག་ལ་སྒོ་ཁྲལ་འཇལ་རྒྱུ་ཡིན་པའི་མནའ་བསྐྱལ་ཡོད། དེ་བས་དཔར་སྐྲུན་ཁང་རྣམས་ཀྱིས་སྒོ་ཁྲལ་དེ་དག་གིས་དམ་པའི་གསུང་རབ་དཔར་བའི་འགྲོ་གྲོན་འཕར་དུ་བཅུག་སྟེ་གསུང་རབ་དཀོན་དུ་འགྲོ་བའི་ཉེན་ཁ་ཡོད་ཚུལ་བརྗོད་བཞིན་ཡོད། 

དཀའ་ངལ་དེ་ཇི་ལྟར་བྱུང་བ་རེད་ཟེར་ན། ཨ་རི་ལ་ཚིག་འབྲུ་༣༠༠,༠༠༠ ཙམ་ལྡན་པའི་དཔེ་ཆ་ཞིག་དཔར་བར་རིན་གོང་དང་མགོ་རྙོག་ཆེ་བར་བརྟེན། ཨ་རིའི་དཔེ་སྐྲུན་ཁང་རྣམས་ཀྱིས་ཡེ་ཤུའི་གསུང་རབ་རྒྱ་ནག་ནས་དཔར་སྐྲུན་བྱེད་ཀྱི་ཡོད། ཡེ་ཤུའི་གསུང་རབ་དཔར་སྐྲུན་བྱེད་མཁན་གཙོ་བོ་སྟེ། ཧར་ཕར་ཁོ་ལིན་དམ་པའི་གསུང་རབ་དཔར་སྐྲུན་ཁང་(HarperCollins Christian Publishing) གིས་ཁོ་ཚོའི་གསུང་རབ་དཔར་བའི་འགྲོ་གྲོན་གྱི་བཞི་ཆ་གསུམ་ཙམ་རྒྱ་ནག་ཏུ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། 

ཧར་ཕར་ཁོ་ལིན་དམ་པའི་གསུང་རབ་དཔར་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན་མཱར་ཁི-ཤོན་ཝོལ་ཊི་(Mark Schoenwald) ཡིས་ཟླ་སྔོན་མར་ཨ་རིའི་ཚོང་ལས་འགོ་ཁྲིད་མཐོན་པོ་ཞིག་ལ་བཏང་བའི་འཕྲིན་ཡིག་ནང་།གཏན་ལས་འབེབས་འཆར་ཡོད་པའི་སྒོ་ཁྲལ་དེའི་ནང་འཛད་སྤྱོད་པ་མ་ཟད། ཆོས་ལུགས་དང་ཤེས་ཡོན་གྱི་ཚོགས་སྡེ་དག་གིས་བེད་སྤྱོད་བྱེད་པའི་གསུང་རབ་ལའང་སྒོ་ཁྲལ་འཇལ་དགོས་རྒྱུ་རེད་ཅེས་བྲིས་ཡོད་འདུག 

ཧར་ཕར་ཁོ་ལིན་དམ་པའི་གསུང་རབ་དཔར་སྐྲུན་ཁང་གི་བདག་དབང་འོག་ཏུ་ཐོ་མ་སི-ནེལ་སན་(Thomas Nelson) དང་། ཛོན་ཌར་ཝན་(Zondervan) གཉིས་ཡོད་ཅིང་། དེ་གཉིས་ནི་ཨ་རིའི་ནང་གི་ཡེ་ཤུའི་གསུང་རབ་དང་ཆོས་དཔེ་དཔར་སྐྲུན་བྱེད་མཁན་ཆེ་ཤོས་དེ་གཉིས་ཡིན། ཁོང་ཚོས་གལ་སྲིད་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༠ བརྒྱབ་པ་ཡིན་ན། ཁོང་ཚོའི་འཛད་སྤྱོད་པ་དང་ཚོང་ལ་གནོད་སྐྱོན་ཚབས་ཆེན་བཟོ་ངེས་ཚུལ་བཤད་འདུག 

ཧར་ཕར་ཁོ་ལིན་དམ་པའི་གསུང་རབ་དཔར་སྐྲུན་ཁང་ནས་ཡེ་ཤུའི་གསུང་རབ་དང་། ཞལ་ཆད། ཞལ་འདོན། ད་དུང་དེ་མིན་གྱི་ཆོས་དཔེ་གཞན་རྣམས་སྒོ་ཁྲལ་འཇལ་བའི་ཚོང་ཟོག་གི་མིང་གཞུང་ནས་མར་འདོན་དགོས་པའི་རེ་བ་ཞུས་འདུག་པ་དང་། སྒོ་ཁྲལ་གྱི་ཤུགས་རྐྱེན་སྐོར་གྱི་གནས་ཚུལ་དེ་ཐོག་མར་འབྲེལ་ཡོད་གསར་འགྱུར་ཁང་(Associated Press) གིས་སྤེལ་འདུག 

ཉེན་བརྡ་འདི་ནི་ཨ་རྒྱའི་ཚོང་དམག་གི་བློ་ཡུལ་ལས་འདས་པའི་མཇུག་འབྲས་ངན་པ་རྣམས་དྲན་སྐུལ་གཏོང་བྱེད་གཞན་ཞིག་ཡིན་འདུག་པ་དང་། ཚོང་དམག་དེས་ཨ་རིའི་ཞིང་པ་རྣམས་ལ་གནོད་སྐྱོན་ཚབས་ཆེན་གཏོང་བ་དང། ཨ་རིའི་ཚོང་ལས་ཀྱི་འགྲོ་གྲོན་ཆེ་རུ་བཟོ་བ། གོ་ལའི་དཔལ་འབྱོར་དལ་དུ་གཏོང་བ་བཅས་བྱས་ཟིན། 

ཟླ་སྔོན་མར་རྒྱལ་ས་ཝ་ཤིན་ཏྲོན་དུ་བསྡུས་པའི་ཉུ་གཏུགས་ཉན་ཞིབ་ཅིག་ཏུ་མཱར་ཁི-ཤོན་ཝོལ་ཊི་(Mark Schoenwald) ཡིས་”ང་ཚོས་སྲིད་གཏན་ལ་འབེབས་འཆར་ཡོད་པའི་སྒོ་ཁྲལ་འདི་དག་གིས་ཡེ་ཤུའི་གསུང་རབ་ལ་ཐེབས་སྲིད་པའི་ཤུགས་རྐྱེན་དེ་སྲིད་གཞུང་གིས་ཤེས་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་བརྗོད་འདུག 

གལ་སྲིད་ཐེངས་རྗེས་མའི་སྒོ་ཁྲལ་དེ་དངོས་སུ་ལག་བསྟར་བྱས་པ་ཡིན་ན། དེའི་ནང་ཀུ་ཤུའི་ཁ་པར་དང་། བརྙན་འཕྲིན། ནཱ་ཁི་(Nike) རྟགས་ཅན་གྱི་ལྷམ། ཐ་ན་འགྱིག་གི་ཨ་ལད་པད་ཀོ་སོགས་རྒྱ་ནག་ནས་ནང་འདྲེན་བྱས་པ་མཐའ་དག་འདུས་ཡོད་འདུག 

དཔར་སྐྲུན་ཁང་གིས་ཡེ་ཤུའི་གསུང་རབ་ཀྱི་པར་མ་ཁ་ཅིག་དཔར་མཚམས་བཞག་ན་ཆོག 

ཟླ་སྔོན་མའི་ཟླ་མཇུག་ལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་རྗེས། སྲིད་འཛིན་ཊོམ་གྱིས་རྒྱ་ཁབ་གཉིས་ཀྱིས་བསྐྱར་དུ་གྲོས་མོལ་བྱེད་པ་དང་འབྲེལ། སྒོ་ཁྲལ་དེ་རེ་ཞིག་འཇོག་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་ཤིང། དེས་ཨ་རྒྱའི་ཁྱོད་ཤི་ང་གསོན་གྱི་ཚོང་དམག་ནང་ཚུད་པའི་ཁྲོམ་རྭ་དང་ཚོང་ལས་དག་གི་བློ་སེམས་བདེ་རུ་ཕབ་འདུག ཡིན་ན་ཡང་། ཁ་ཅིག་གིས་རྒྱལ་ཁབ་གཉིས་ཀྱི་མི་འདྲ་བའི་ཆ་ཆེན་པོ་རྣམས་ལ་བརྟེན་ནས་ཚོང་དམག་དེ་སླར་ཡང་ཛ་དྲག་ཏུ་འགྱུར་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག 

བདུན་ཕྲག་འདིའི་རེས་གཟའ་ཟླ་བར་དཔལ་འབྱོར་ཆེས་མཁས་ཇན-ཧ་ཛོའུ་སི་(Jan Hatzius) ཡིས་སོ་སོའི་ཚོང་ཤག་ཅིག་ལ་བསྐུར་བའི་ཡི་གེའི་ནང་། “ང་ཚོས་ད་རུང་ཡང་ཨ་རིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ཚང་མར་སྒོ་ཁྲལ་གཞལ་རྒྱུ་རེད་དྲན་གྱི་འདུག”ཅེས་བྲིས་ཡོད་པ་དང་། དེ་ནས་དེ་སྟོན་ཁ་མ་ཟིན་བར་ཡོང་རྒྱུ་མ་རེད་ཅེས་བརྗོད་འདུག 

གལ་སྲིད་དེ་ལྟར་བྱུང་བ་ཡིན་ན། ཧར་ཕར་ཁོ་ལིན་དཔར་སྐྲུན་ཁང་གིས་སྒོ་ཁྲལ་གྱི་རིན་དོད་མང་དུ་གཏོང་བའམ། ཡང་ན་དཔེ་ཆའི་རིན་གོང་སྤར་ནས་གྲངས་འབོར་ཉུང་དུ་གཏོང་བ་ལས་ལྷག་མེད་པ་དང་། དེ་ལྟར་བྱས་ན་ཡེ་ཤུའི་གསུང་རབ་ཀློག་པ་པོ་རྣམས་དང་། ཡེ་ཤུའི་དགོན་སྡེ། སློབ་གཉེར་ཁང་། ཡན་ལག་ཚོགས་པ་ཁག་བཅས་ལ་དྲང་བདེན་མིན་པའི་རྡོག་ཁྲེས་ཤིག་བསྐུར་བ་ཡིན་ཚུལ་བརྗོད་འདུག 

ཧར་ཕར་ཁོ་ལིན་དཔར་སྐྲུན་ཁང་གིས་ད་རུང་ཡེ་ཤུའི་གསུང་རབ་ཀྱི་པར་མ་ངེས་ཅན་འགའ་དཔར་མཚམས་འཇོག་དགོས་པ་ཡོང་སྲིད་སྐོར་ཡང་བརྗོད་འདུག་སྟེ། རིན་གོང་ཆེ་ཞིང་ཁེ་བཟང་ཆུང་བའི་གསུང་རབ་དེ་དག་གི་སྒོ་ཁྲལ་ནི་དཔར་སྐྲུན་ཁང་དང་འཛད་སྤྱོད་པ་གཉིས་ཀྱིས་བཟོད་མི་ཐུབ་པ་ཞིག་ཡིན་ཚུལ་བཤད་འདུག 

དཔར་སྐྲུན་ཐོན་ཁུངས་གཞན་དག་མེད། 

དཀའ་ཁག་གཙོ་བོ་ནི་ཡེ་ཤུའི་གསུང་རབ་དཔར་སྐྲུན་བྱེད་པར་འགྲོ་གྲོན་ཤིན་ཏུ་ཆེ་བ་དེ་ཡིན། ཧར་ཕར་ཁོ་ལིན་དཔར་སྐྲུན་ཁང་གིས་བཤད་པ་ལྟར་ན། ཡེ་ཤུའི་གསུང་རབ་ལ་ཡིག་འབྲུ་ཤིན་ཏུ་མང་བས། (རྒྱུན་ལྡན་གྱི་དཔེ་དེབ་ཅིག་ལས་ལྡབ་བཅུ་མང་བ་ཡོད།) ཤོག་བུ་ཤིན་ཏུ་སྲབ་མོའི་ཐོག་དཔར་དགོས་པ་དང་། ཤོག་བུ་དེ་ཡང་དམིགས་བསལ་གྱི་འཕྲུལ་ཆས་ཀྱིས་དཔར་དགོས་ཀྱི་འདུག 

ཧར་ཕར་ཁོ་ལིན་དཔར་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་”ཨ་རི་དང་རྒྱལ་ཁབ་གཞན་དུ་དཔར་སྐྲུན་ཐོན་ཁུངས་གཞན་མེད་”ཅེས་བཤད་པའི་ཁར། སྒོ་ཁྲལ་དེ་ལ་བརྟེན་ནས་ཨ་རིའི་རྒྱལ་ནང་དཔར་སྐྲུན་ཁང་རྣམས་ཀྱིས་སླར་ཡང་ཡེ་ཤུའི་གསུང་རབ་དཔར་སྐྲུན་ཐོག་ཏུ་མ་འཇོག་ཚོང་རྒྱག་བྱེད་ཉན་ཆེ་ཚུལ་བརྗོད་འདུག་ལ། ད་ལྟའི་ཆར་དཔར་སྐྲུན་ཁང་ལ་ཨ་རིའི་གཞུང་ནས་ཡེ་ཤུའི་གསུང་རབ་དང་ཆོས་དཔེ་གཞན་རྣམས་སྒོ་ཁྲལ་ལས་གུ་ཡང་ཡོད་མེད་བརྗོད་མི་འདུག 

ཁྲོམ་རྭ་ཞིབ་འཇུག་ཚོགས་པ་NPD ཡིས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་ནང་ཡེ་ཤུའི་གསུང་རབ་བཙོང་བའི་གྲངས་འབོར་དེ་ས་ཡ་༨.༥ འདུག་ཅིང་། དེའི་ནང་གསུང་རབ་ཀྱི་པར་མ་སྣ་ཚོགས་ཐམས་ཅད་འདུས་འདུག་ཀྱང་། དཔར་སྐྲུན་ཁང་གིས་ཐད་ཀར་ཡེ་ཤུའི་ལྷ་ཁང་ལ་བཙོང་བ་དག་འདུས་མི་འདུག དེ་ལྟར་ཡིན་རུང་། ན་ནིང་ཨ་རིའི་ནང་གི་བྲིན་རྒྱུག་ཆེ་ཤོས་གཉིས་པ་སྟེ། མི་ཤལ-ཨོ་བྷ་མ་( Michelle Obasma) ཡི་དེབ་<<Becoming>>ཞེས་པ་ས་ཡ་ ༣.༥ བྲིན་པ་ལས་ལྡབ་ལོག་གཉིས་ཆེ་བ་བྱུང་འདུག ། 

 

This will close in 0 seconds