ཨང་སན་སུ་ཅིའི་ཆེད་དུ་གོ་གནས་གསར་པ་བཟོ་འཆར།

འབར་མའི་རྒྱལ་ཡོངས་འོས་བསྡུའི་ནང་ཨང་སན་སུ་ཅིའི་རྒྱལ་ཡོངས་མང་གཙོ་ཚོགས་པས་རྒྱལ་ཁ་ཆེན་པོ་བླངསཡོད་ཀྱང། ལུང་པ་དེའི་རྩ་ཁྲིམས་ལྟར་ཁོ་མོ་སྲིད་འཛིན་ཆགས་ཐུབ་མེད་པས། ཟླ་འདིའི་ཚེས་༣༡ ཉིན་འབར་མིའི་འཛིན་སྐྱོང་ཚོགས་པས་གྲོས་ཚོགས་གོང་མའི་ནང་རྒྱལ་ཁབ་ཀྱི་སློབ་སྟོན་པ་ཞེས་པའི་གོ་གནས་གསར་དུ་བཟོས་ནས། ཁོ་མོ་ལས་གནས་དེ་ལ་བསྐོ་བཞག་བྱེད་རྒྱུའི་གྲོས་འཆར་བཏོན་ཡོད་འདུག གྲོས་ཚོགས་གོང་མའི་ནང་འཐུས་མི་མང་ཤོས་ཁོ་མོའི་ཚོགས་པའི་ཚོགས་མི་ཡིན་འདུག་པས། གྲོས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་རེ་ཡོད་འདུག

129109ཨང་སན་སུ་ཅིའི་སྐུ་ཟླ་དབྱིན་ཇིའི་མི་རིགས་ཡིན་པས། རྩ་ཁྲིམས་ལྟར་ཁོ་མོ་སྲིད་འཛིན་ཆགས་ཐུབ་མེད་ཀྱང། ད་ལྟའི་ཆར་མོ་རང་ཕྱི་དྲིལ་དང་ཤེས་ཡོན། གློག་ནུས་བློན་ཆེན་སོགས་ལ་བསྐོ་བཞག་བྱུང་འདུག་ཀྱང། གལ་ཏེ་གྲོས་འཆར་དེར་མང་མོས་གྲོས་མཐུན་བྱུང་ཚེ་ཁོ་མོ་འབར་མའི་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀའི་སློབ་སྟོན་པ་ཆགས་ཀྱི་ཡོད་པས། འབར་མའི་ནང་དབང་ཆ་ཆེ་ཤོས་ཀྱི་མི་སྣར་འགྱུར་གྱི་ཡོད་འདུག

འོན་ཀྱང་ལྡོག་ཕྱོགས་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་གྲོས་འཆར་དེ་ལ་ངོ་རྒོལ་དང། དེ་ནི་དབང་ཆ་འཛིན་ཆེད་ཡིན་པ། ཁོ་མོ་ནི་དབང་ཆ་ལ་འདོད་རྔམ་ཅན་ཡིན་སྐོར་འགྲེལ་བརྗོད་བྱས་འདུག འོན་ཀྱང་ཁོ་མོའི་རྒྱབ་སྐྱོར་བ་ཞིག་གིས་གོ་གནས་དེས་འཛིན་སྐྱོང་དང་གྲོས་ཚོགས་བར་འབྲེལ་ལམ་ཡག་པོ་བསྐྲུན་ཐུབ་སྐོར་འགྲེལ་བརྗོད་བྱས་འདུག

འབར་མིའི་རྩ་ཁྲིམས་དེ་ནི་ལོ་ངོ་༥༣ དབང་ཆ་བཟུང་མཁན་དམག་མིའི་སྒྲིག་འཛུགས་ཀྱིས་བཟོས་ཡོད་པ་རེད།

ཕྱི་ལོ་༡༩༩༠ ལོར་ཨང་སན་སུ་ཅིས་འབར་མའི་མང་གཙོའི་ཆེད་དུ་འོས་བསྡུའི་ནང་ལངས་ཏེ། ཁོ་མོའི་ཚོགས་པར་རྒྱལ་ཁ་ཐོབ་ཀྱང། དམག་མིའི་སྒྲིག་འཛུགས་ཀྱིས་འོས་བསྡུ་དེ་རྩིས་མེད་བྱས་ཏེ། ཁོ་མོ་ལོ་༡༥ ཙམ་ལ་བཟང་བརྩོན་འོག་བཞག་ཡོད་པ་དང། ཕྱི་ལོ་༡༩༩༡ ལོར་ཁོ་མོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད། ཕྱི་ལོ་༢༠༡༥ ལོའི་འབར་མའི་འོས་བསྡུའི་སྐབས་སུ་འབར་མིའི་ཁ་ཆེའི་མི་རིགས་ལ་འོས་བླུགས་མ་བཅུག་པ་དང། གྲོས་ཚོགས་འོས་མིར་ལངས་མ་བཅུག་པ་སོགས་བྱས་ཀྱང། ཁོ་མོས་གང་ཡང་བྱས་མེད་པས་བྱ་སྤྱོད་དེ་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།