ཨན་ཌོ་ནི་ཤི་ཡར་མཚོ་རླུང་གི་གནོད་སྐྱོན་ཚབས་ཆེན་བྱུང་འདུག
འདི་ལོའི་ཟླ་༩ པའི་ནང་ས་ཡོམ་དང་མཚོ་རླུང་གི་གནོད་སྐྱོན་ཆེན་པོ་བྱུང་ནས་ཉུང་མཐར་མི་གྲངས་༢༡༠༠ ལས་མང་བའི་ཚེ་སྲོག་ཤོར་ཡུལ་ཨན་ཌོ་ནི་ཤི་ཡའི་རྒྱལ་ཁབ་ཏུ། སླར་ཡང་མཚོ་རླུང་བརྒྱབས་ཏེ་མི་རྒྱུ་གཉིས་ཀྱི་གྱོང་གུད་ཆེན་པོ་བྱུང་འདུག
ཟླ་༡༢ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༢ པའི་ཚེས་༢༢ ཉིན་གྱི་དགོང་མོར་ཨན་ཌོ་ནི་ཤི་ཡའི་གླིང་ཕྲན་སཱོ་མ་ཏེ་རཱ་དང་ཇཱ་ཝ་གཉིས་ཀྱི་འགྲམ་ལ་ཡོད་པའི་མེ་རི་ཆེན་པོ་ཞིག་འཕྱུར་ནས། མཚོ་འོག་གི་ས་ཉུལ་ཏེ་མཚོ་རླུང་བསླངས་འདུག གླིང་ཕྲན་དེ་གཉིས་སུ་ཉེན་བརྡ་གང་ཡང་མེད་པའི་ཐོག་ནས་མཚོ་རླུང་བརྒྱབས་པས། ཉུང་མཐར་མི་གྲངས་༢༨༡ ཡི་ཚེ་སྲོག་ཤོར་ཡོད་ཁར། མི་གྲངས་༡༠༠༠ ལས་མང་བར་རྨས་སྐྱོན་བཟོས་འདུག་པ་དང་། ཉེན་སྐྱོབ་ཀྱི་ལས་འགུལ་འགྲོ་བཞིན་པ་དང་བསྟུན། ཚེ་སྲོག་ཤོར་མཁན་གྱི་ཁ་གྲངས་མང་དུ་འགྲོ་ཉེན་འདུག ཚན་རིག་པ་ཁག་ཅིག་གིས་མཚོ་རླུང་བརྒྱབས་པའི་རྒྱུ་རྐྱེན་གཞན་ཞིག་ནི་དགོང་མོ་དེར་ཉ་གང་ཟླ་བ་ཤར་ཡོད་པས། མཚོ་ནང་གི་ཟླ་བའི་འཐེན་ཤུགས་དང་འབྲེལ་བ་ཡོད་སྐོར་ཡང་བརྗོད་བཞིན་འདུག
དེ་ཡང་རྒྱལ་ཁབ་དེའི་ནང་མཚོ་རླུང་གི་ཉེན་བརྡ་གཏོང་བའི་འཕྲུལ་ཆས་མ་ལག་ཕྱི་ལོ་༢༠༡༢ ལོ་ནས་ལས་ཀ་བྱེད་མི་ཐུབ་པ་ཆགས་ཡོད་པས། ཐེངས་འདིའི་མཚོ་རླུང་གི་ཉེན་བརྡ་གང་ཡང་སླེབས་མེད་འདུག མཚོ་རླུང་གི་གནོད་སྐྱོན་འོག་ད་ལྟའི་ཆར་མི་གྲངས་༡༢ ལས་མང་བ་གར་སོང་ཆ་མེད་ཆགས་ཡོད་ཁར། མགྲོན་ཁང་༩ དང་ཁང་པ་བརྒྱ་ཕྲག་མང་པོར་གཏོར་སྐྱོན་ཆེན་པོ་བྱུང་འདུག
མེ་རི་མུ་མཐུད་འཕྱུར་བཞིན་ཡོད་པས། གཞུང་གིས་མཚོ་འགྲམ་གྱི་ས་གནས་ཁག་ཏུ་ཉེན་བརྡ་བཏང་ཏེ། མཚོ་རླུང་བསྐྱར་དུ་རྒྱག་སྲིད་པས། ཉིན་ཤས་རིང་མཚོ་འགྲམ་དུ་འགྲོ་མི་རུང་སྐོར་གསལ་བསྒྲགས་བྱས་འདུག ཚེ་སྲོག་ཤོར་མཁན་དང་རྨས་སྐྱོན་ཕོག་མཁན་མང་ཆེ་བ་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་འདུག
ཨན་ཌོ་ནི་ཤི་ཡའི་རྒྱལ་ཁབ་ཆགས་ཡུལ་གྱི་ཁུལ་དེར་ས་ཡོམ་དང་མེ་རི་འཕྱུར་བ། དེ་བཞིན་མཚོ་རླུང་སོགས་ཀྱི་ཉེན་ཚབས་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་དེར་གླིང་ཕྲན་ཆེ་ཆུང་མི་འདྲ་བ་༡༧༠༠༠ ལས་མང་བ་ཡོད་ཁར། འགྲུལ་ལམ་སོགས་ཀྱི་མཐུན་རྐྱེན་ཞན་པོ་ཡོད་པས། འབྱུང་བའི་གནོད་སྐྱོན་འབྱུང་སྐབས་ཉེན་སྐྱོབ་ཀྱི་ལས་དོན་ལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག
འདི་ལོའི་ཟླ་༨ པའི་ནང་ལཱོམ་བྷོག་གླིང་ཕྲན་དུ་ས་ཡོམ་ཆེན་པོ་ཞིག་བརྒྱབས་ནས་མི་གྲངས་༥༠༥ བསད་ཡོད་ཁར། ཟླ་༩ པའི་ནང་སུ་ལཱ་ཝི་སིར་ས་ཡོམ་དང་མཚོ་རླུང་གཉིས་བརྒྱབས་ནས་མི་གྲངས་༢༡༠༠ ལས་མང་བ་བསད་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༠༤ ལོར་རྒྱལ་ཁབ་དེར་ས་ཡོམ་ཤུགས་ཚད་༩.༡ ཅན་ཞིག་བརྒྱབས་ནས། མཚོ་རླུང་ཤུགས་དྲག་ཆེན་པོ་ཞིག་བསླངས་ཡོད་པ་དང་། སྐབས་དེར་མི་གྲངས་འབུམ་གཉིས་དང་ཁྲི་གསུམ་ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།