ཨབ་གྷན་གྱི་བདེ་སྲུང་བློན་ཆེན་སྡོད་གནས་སུ་དྲག་སྤྱོད་པས་དྲག་རྒོལ་བྱས་འདུག

ཨབ་གྷ་ནི་སེ་ཐན་ནས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་རྣམས་ཕྱིར་འཐེན་བྱེད་འགོ་བཙུགས་ཟིན་པ་ལྟར། རྒྱལ་ཁབ་དེའི་གྱེན་ལངས་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་ས་ཆ་མང་པོ་ཞིག་བཙན་བཟུང་བྱེད་བཞིན་ཡོད་པས། གཞུང་དམག་དང་དྲག་སྤྱོད་རུ་ཁག་བར་གྱི་དམག་འཁྲུག་རྒྱག་བཞིན་པའི་ཁར། ཉེ་ཆར་ཨབ་གྷན་གྱི་བདེ་སྲུང་བློན་ཆེན་གྱི་སྡོད་གནས་སུ་དྲག་སྤྱོད་པས་དྲག་རྒོལ་བྱས་ནས། དྲག་སྤྱོད་པ་ཆ་ཚང་བསད་འདུག 

ཟླ་༨ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨབ་གྷ་ནི་སེ་ཐན་གྱི་རྒྱལ་ས་ཀ་སྦུལ་ཁུལ་གྱི་བདེ་འཇགས་ཚད་གཞི་མཐོན་པོ་ཡོད་པའི་ས་གནས་ཀྱི་ཁོངས་སུ། རྒྱལ་ཁབ་དེའི་བདེ་སྲུང་བློན་ཆེན་དུ་དྲག་སྤྱོད་པ་བཞིས་དྲག་རྒོལ་བྱས་འདུག་ཀྱང་། སྐབས་དེར་བདེ་སྲུང་བློན་ཆེན་ནང་དུ་བསྡད་མེད་ཁར། ཁོང་གི་ནང་མི་རྣམས་བདེ་འཇགས་ངང་ས་གནས་གཞན་དུ་འཁྲིད་ཐུབ་པ་དང་། བདེ་སྲུང་མི་སྣས་ཕར་རྒོལ་བྱས་ཏེ་དྲག་སྤྱོད་པ་བཞི་པོ་དེར་བསད་འདུག 

བདེ་སྲུང་བློན་ཆེན་གྱི་སྡོད་གནས་སུ་དྲག་རྒོལ་དེ་ནི་ཨབ་གྷན་གྱི་གཞུང་དམག་དང་ཁ་ཆེ་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གཉིས་བར་དམག་འཁྲུག་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་ལ་བྱུང་ཡོད་པ་རེད། དྲག་རྒོལ་གྱི་གནད་དོན་དེ་ལྷག་རྗེས་རྒྱལ་ས་ཀ་སྦུལ་གྱི་མི་མང་ཚོས་ཁྲོམ་གཞུང་དང་ཁང་པའི་ཐོག་ཏུ་ཐོན་ནས། ཏ་ལི་བྷན་ལ་ངོ་རྒོལ་དང་ཨབ་གྷན་གཞུང་དམག་ལ་རྒྱབ་སྐྱོར་མཚོན་ཆེད་དུ་དཀོན་མཆོག་ནི་མཆོག་ཅེས་པའི་འབོད་སྒྲ་བསྒྲགས་ཡོད་པ་རེད། 

ཉིན་ཤས་སྔོན་ནས་ཏ་ལི་བྷན་གྱིས་བཙན་འཛུལ་བྱེད་ཐབས་བྱེད་བཞིན་པའི་གྲོང་ཁྱེར་མང་པོ་ཞིག་གི་ནང་དུ། མི་མང་ཚོས་ཁང་པའི་ཐོག་ཁར་ཐོན་ནས་གཞུང་དམག་དང་དང་བླངས་དམག་མིར་རྒྱབ་སྐྱོར་མཚོན་ཆེད་དང་། ཏ་ལི་བྷན་དྲག་སྤྱོད་པར་ངོ་རྒོལ་མཚོན་ཆེད་དུ་སྐད་འབོད་བྱས་ཡོད་འདུག་ལ། སྤྱི་ཚོགས་དྲ་ལམ་ཁག་ཏུ་སྐད་འབོད་ཀྱི་བརྙན་ཐུང་མི་འདྲ་བ་མང་པོ་ཁྱབ་བཞིན་འདུག དེ་ཡང་ཕྱི་ལོ་༡༩༨༠ གྱ་གྲངས་ནང་དུ་ཨབ་གྷན་མི་མང་གིས་དམར་ཤོག་གཞུང་དང་རྗེས་སུ་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་ཆེད་དུ། ཁང་པའི་ཐོག་ཏུ་ནས་སྐད་འབོད་བྱེད་མྱོང་ཡོད་པ་རེད། 

དེ་ཡང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཟླ་༨ པའི་ཟླ་མཇུག་ཏུ་ཨབ་གྷ་ནི་སེ་ཐན་ནང་དུ་ཨ་རིའི་དམག་མི་ཚང་མ་ཕྱིར་འཐེན་བྱས་ཟིན་དགོས་པའི་བཀའ་རྒྱ་བཏང་ཟིན་པ་ལྟར། ད་ལྟའི་ཆར་དམག་མི་བརྒྱ་ཆ་༩༥ ཨབ་གྷན་ནས་ཕྱིར་འཐེན་བྱས་ཟིན་ཡོད་འདུག ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་རྣམས་ཨབ་གྷན་ནས་ཕྱིར་འཐེན་བྱེད་བཞིན་པ་དང་བསྟུན། རྒྱལ་ཁབ་དེའི་གྱེན་ལངས་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་དྲག་པོའི་ཐོག་ནས་ས་ཆ་མང་པོ་ཞིག་བཙན་བཟུང་བྱེད་བཞིན་ཡོད་པས། གཞུང་དམག་དང་དེར་རྒྱབ་སྐྱོར་བྱེད་མཁན་མི་མང་དང་བླངས་དམག་མི་གཉིས་ཀྱིས། ཏ་ལི་བྷན་དྲག་སྤྱོད་རུ་ཁག་དང་དམག་འཁྲུག་བྱེད་བཞིན་ཡོད་པ་རེད། ཨ་རིའི་དམག་མིས་ཨབ་གྷན་གཞུང་ལ་རྒྱབ་སྐྱོར་ཆེད་དུ། གནམ་ཐོག་ནས་དྲག་སྤྱོད་པ་དེ་དག་ལ་དྲག་རྒོལ་བྱེད་བཞིན་ཡོད་འདུག་ཀྱང་། ཟླ་༨ པ་མཇུག་བསྒྲིལ་རྗེས་མུ་མཐུད་ནས་གནམ་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་མིན་ཐོག་ལན་འདེབས་གང་ཡང་བྱས་མེད་པ་རེད། 

ཕྱི་ལོ་༢༠༠༡ ལོར་ཨ་རིར་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་བྱས་རྗེས། ཨ་རིས་ཨབ་གྷན་ནང་ཨལ་ཁེ་ཌ་འཇིགས་སྐུལ་རིང་ལུགས་པ་དང་འཐབ་རྒོལ་ཆེད་དུ་དམག་མི་བཏང་ནས་ད་བར་མི་ལོ་༢༠ འགྲོ་བཞིན་ཡོད་པ་རེད། ཨ་རིའི་བྱ་སྤྱོད་དེར་མོས་མཐུན་མེད་མཁན་ཚོས་ཨ་རིས་ཨབ་གྷན་ལ་བཙན་འཛུལ་བྱས་པ་དང་། དེ་ཡང་རྡོ་སྣུམ་ཆེད་དུ་བཙན་འཛུལ་བྱས་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དཔྱད་བརྗོད་པ་ཁག་ཅིག་གིས་གལ་ཏེ་ཨ་རིའི་དམག་མི་ཚང་མ་ཨབ་གྷན་ནས་ཕྱིར་འཐེན་བྱས་ཚེ། གྱེན་ལངས་ཤོག་ཁག་ཏ་ལི་བྷན་གྱི་དབང་ཤུགས་ཆེ་རུ་འགྲོ་སྲིད་པ་དང་། ཨབ་གྷན་གཞུང་ཡང་མགོ་རྟིང་སློག་ཉེན་ཡོད་པ། གལ་ཏེ་དེ་ལྟར་བྱུང་ཚེ་ཨབ་གྷན་ནང་གི་བུད་མེད་ཐོབ་ཐང་དང་། ཨ་རིར་རྒྱབ་སྐྱོར་བྱེད་མཁན་ན་གཞོན་དང་མི་སྣ་མང་པོ་ཞིག་གི་བདེ་སྡུག་གནས་སྟངས་ཛ་དྲག་ཆགས་རྒྱུ་ཡིན་པ། དེ་བཞིན་འཇིགས་སྐུལ་རིང་ལུགས་པའི་དབང་ཤུགས་ཀྱང་ཆེ་རུ་འགྲོ་ཉེན་ཡོད་སྐོར་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།