ཨབ་གྷན་ནང་དུ་རྒྱ་ནག་གི་སོ་མྱུལ་རུ་ཁག་འཛིན་བཟུང་བྱས་འདུག 

ཆབ་སྲིད་ཀྱི་བརྟན་ལྷིང་ཞན་པའི་ཨབ་གྷ་ནི་སི་ཐན་ནང་དུ། འཇིགས་སྐུལ་རིང་ལུགས་པའི་ལས་དོན་སྤེལ་མཁན་རྒྱ་ནག་གི་སོ་མྱུལ་རུ་ཁག་གཅིག་གི་ཚོགས་མི་༡༠ འཛིན་བཟུང་བྱུང་འདུག་པ་དང་། ཨབ་གྷན་གྱིས་རྒྱ་ནག་ནས་ཁོ་ཚོར་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་འདུག 

ཟླ་༡༢ པའི་ཚེས་༢༥ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཧིན་རྡུ་སི་ཐན་དུས་བབ་སྟེང་དུ་གནས་ཚུལ་སྤེལ་གསལ། ཟླ་༡༢ པའི་ཚེས་༡༠ ཉིན་ནས་འགོ་བཙུགས་ཀྱིས་ཨབ་གྷ་ནི་སེ་ཐན་གྱི་རྒྱལ་ས་ཀཱ་བྷུལ་དུ། རྒྱལ་ཁབ་དེའི་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་གི་སོ་མྱུལ་བ་༡༠ འཛིན་བཟུང་བྱས་འདུག་པ་དང་། རྒྱ་ནག་གིས་ཨབ་གྷན་གཞུང་ལ་གནད་དོན་དེ་ཕྱིར་བསྒྲགས་མི་བྱེད་པའི་ཆེད་དུ་ནན་སྐུལ་བྱེད་བཞིན་ཡོད་འདུག 

འཛིན་བཟུང་བྱུང་བའི་མི་༡༠ དེ་དག་གིས་སོ་མྱུལ་དང་དེ་བཞིན་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་ལམ་བཟོ་བའི་ལས་དོན་སྤེལ་བཞིན་ཡོད་ཁར། ཁོ་ཚོ་ཚང་མ་རྒྱ་ནག་གི་སོ་མྱུལ་ལྷན་ཁང་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་བཞིན་འདུག 

རྒྱ་ནག་གི་སོ་མྱུལ་བ་དེ་དག་ཁོང་ནས་ཉུང་མཐར་མི་༢ ཀྱིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་(Haqqani Network) ཞེས་པ་དེ་དང་འབྲེལ་བ་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་ཡོད་འདུག དཔྱད་བརྗོད་པ་ཁག་ཅིག་གིས་ཨབ་གྷན་ནང་ནས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་ཕྱིར་འཐེན་བྱེད་བཞིན་ཡོད་པས། རྒྱ་ནག་གིས་སྟོང་ཆ་དེ་བེད་སྤྱད་ནས་ཁུལ་དེར་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་བཞིན་འདུག 

ཨབ་གྷན་གཞུང་གིས་རྒྱ་ནག་ལ་གལ་ཏེ་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་ལམ་ལུགས་ལས་བརྒལ་བའི་ལས་དོན་ལ་འཇུག་པ་དང་། ཨབ་གྷན་གྱི་ཡིད་ཆེས་ལ་རྩིས་མེད་བཏང་བ་ངོས་ལེན་བྱས་ཏེ་དགོངས་སེལ་ཞུས་ཚེ། སོ་མྱུལ་བ་དེ་དག་ལ་གུ་ཡང་གཏོང་མིན་ཐད་བསམ་ཞིབ་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་སོ་མྱུལ་བ་དེ་དག་ལ་ཉེས་འཛུགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་སྐོར་གྱི་བརྡ་ལན་སྤྲད་ཡོད་འདུག 

འཛིན་བཟུང་བྱུང་བའི་རྒྱ་ནག་གི་སོ་མྱུལ་དེ་དག་ནས། མེ་མདའ་དང་འབར་རྫས་སོགས་ཀྱི་མཚོན་ཆ་མང་པོ་ཞིག་ལག་སོན་བྱུང་འདུག སོ་མྱུལ་བ་སྐྱེས་པ་ཞིག་གིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁེའུ་ཌ་དང་། ཏཱ་ལི་བྷན། ཡུ་གུར་བཅས་ཀྱི་ཐོག་ལ་གནས་ཚུལ་བསྡུ་རུབ་བྱེད་བཞིན་ཡོད་འདུག ཨབ་གྷན་གྱི་བདེ་སྲུང་ལྷན་ཁང་གིས་བསམ་ཚུལ་ལ། རྒྱ་ནག་གིས་སོ་མྱུལ་བ་དེ་དག་གིས་ཤར་ཏུར་ཀི་སེ་ཐན་ཨི་སེ་ལམ་འཐབ་རྩོད་ཚོགས་པ་( East Turkestan Islamic Movement) རྫུན་མ་ཞིག་བཙུགས་ནས། ཨབ་གྷན་ནང་ཡོད་པའི་ཚོགས་པ་དེའི་ཚོགས་མི་རྣམས་འཛིན་བཟུང་བྱེད་ཐབས་བྱེད་བཞིན་ཡོད་འདུག དེ་ཡང་རྒྱ་ནག་གིས་བརྗོད་དོན་ལྟར་ན་ཚོགས་པ་དེ་ཡུ་གུར་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་པའི་ལས་དོན་སྤེལ་མཁན་ཡིན་འདུག་པ་དང་། རྒྱ་ནག་གིས་ཚོགས་པ་དེ་ལ་ཁ་གཡོགས་ནས་ཡུ་གུར་ཁུལ་དུ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད་འདུག 

ཨ་རིས་ཟླ་སྔོན་མར་ཤར་ཏུར་ཀི་སི་ཐན་ཨི་སེ་ལམ་འཐབ་རྩོད་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པའི་ཐོ་གཞུང་ནས་ཕྱིར་འཐེན་བྱས་ཡོད་འདུག འོན་ཀྱང་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་སྲུང་ལྷན་ཚོགས་ནས་ཚོགས་པ་དེ་མུ་མཐུད་ནས་འཇིགས་སྐུལ་པའི་ཚོགས་པར་ངོས་འཛིན་བྱེད་བཞིན་འདུག 

ཉེ་བར་ཆར་ཨ་རི་དང་རྒྱ་གར་སོགས་ཀྱི་ནང་དུ་རྒྱ་ནག་སོ་མྱུལ་མི་ཉུང་བ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཕྱིར་བསྒྲགས་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།