ཨབ་གྷན་ནང་མང་ཚོགས་མདུན་དུ་ལྕག་ཚན་གཞུ་བའི་ཉེས་ཆད་བསྐྱར་དུ་འགོ་བཙུགས་ཟིན་འདུག
ཨབ་གྷ་ནི་སེ་ཐན་གྱི་སྲིད་གཞུང་དེ་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཙན་བཟུང་བྱས་ཟིན་རྗེས། སྔ་མོར་མང་ཚོགས་དཀྱིལ་དུ་ལྕག་ཚན་གཞུ་ནས་ཉེས་ཆད་གཏོང་བའི་ལམ་ལུགས་དེ་བསྐྱར་དུ་འགོ་བཙུགས་ཟིན་འདུག
ཟླ་༡༡ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཏ་ལི་བྷན་སྲིད་གཞུང་གིས་ཨབ་གྷན་གྱི་ལཱོ་གྷར་མངའ་ཁུལ་དུ་རྩེད་རར་མང་ཚོགས་སྟོང་ཕྲག་ཁ་ཤས་འཛོམས་པའི་མདུན་དུ། བུད་མེད་གསུམ་ཚུད་པའི་མི་གྲངས་༡༢ ལ་ལྕག་ཚན་གཞུས་ནས་ཉེས་ཆད་བཏང་ཡོད་པ་རེད་འདུག དེ་ཡང་མངའ་ཁུལ་དེའི་ཏ་ལི་བྷན་སྲིད་གཞུང་གི་མགྲིན་ཚབ་པས་བརྗོད་དོན་ལ། མི་གྲངས་༡༢ དེ་དག་གིས་ལོག་གཡེམ་དང་ཇག་རྐུན། མཚན་མཐུན་འཁྲིག་སྤྱོད་བཅས་བཟང་སྤྱོད་ཀྱི་ནག་ཉེས་བསགས་ཡོད་སྐོར་བརྗོད་འདུག
མང་ཚོགས་དཀྱིལ་དུ་ལྕག་ཚན་གཞུས་པའི་གནད་དོན་དེ་ནི་ཉེ་ཆར་བདུན་ཕྲག་གཅིག་གི་སྔོན་དུ། ཏ་ལི་བྷན་གྱི་ཆེས་མཐོའི་འགོ་ཁྲིད་ཧཱི་བྷ་ཏུ་ལཱ་ཨག་ཀུན་ཛཱ་ཌ་ཡིས། ཁྲིམས་དཔོན་ཚོར་རྒྱལ་ཁབ་དེའི་ནང་ནག་ཉེས་ཁག་ཅིག་གི་ཐོག་ཏུ། ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་ཁ་ཆེ་ཤཱ་རི་ཡ་ཁྲིམས་ལག་ལེན་བྱེད་སྟངས་ལ་གཞིར་བཞག་གིས་ཉེས་ཆད་གཏོང་དགོས་པའི་བཀའ་བཏང་བའི་རྗེས་སུ་བྱུང་བ་ཡིན་འདུག
ཐེངས་འདིར་ལྕག་ཚན་གཞུ་ཡུལ་མི་རེར་ལྕག་ཚན་ཐེངས་༢༡ ནས་༣༩ བར་གཞུས་ཡོད་འདུག་པ་དང་། ཁྲིམས་ནང་དུ་མི་ཞིག་ལྕག་ཚན་ཐེངས་མང་ཤོས་༣༩ གཞུ་ཆོག་གི་ཡོད་པ་རེད་འདུག
དེ་སྔོན་ཕྱི་ལོ་༡༩༩༠ གོ་གྲངས་ནང་དུ་ཨབ་གྷན་དེ་ཏ་ལི་བྷན་གྱིས་དབང་བསྒྱུར་བྱས་པའི་སྐབས་སུ། མང་ཚོགས་མདུན་དུ་ལྕག་ཚན་གཞུ་བ་སོགས་ལམ་ལུགས་མང་པོ་ལག་བསྟར་བྱེད་ཀྱི་ཡོད་འདུག དེའི་ནང་དུ་མང་ཚོགས་དཀྱིལ་དུ་གང་ཟག་གཅིག་ལ་མ་ཤི་བར་དུ་རྡོ་གཞུ་ནས་བསད་པ། མང་ཚོགས་མདུན་དུ་རྐང་ལག་གཅོད་འབྲེག་བྱེད་པ་དང་སྲོག་ཐོག་གཏོང་བ་སོགས་བྱེད་སྲོལ་འདུག
བདུན་ཕྲག་སྔོན་མར་ཨབ་གྷན་གྱི་བྱང་ཕྱོགས་ཁུལ་དུ་ཡང་མི་གྲངས་༡༩ ལ་མང་ཚོགས་དཀྱིལ་དུ་ལྕག་ཚན་གཞུས་ནས་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་འདུག
ཏ་ལི་བྷན་གྱིས་ཨབ་གྷན་གྱི་སྲིད་གཞུང་བཙན་འཕྲོག་བྱས་པའི་རྗེས་སུ། རྒྱལ་ཁབ་དེའི་ནང་བུད་མེད་ཀྱི་ཐོབ་ཐང་ཞན་དུ་ཕྱིན་ཡོད་པ་མ་ཟད། དཔལ་འབྱོར་གྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ་རེད་འདུག་པས། ལོ་སྔོན་མར་ཡུ་རོབ་མཐུན་ཚོགས་ཀྱིས་ཨབ་གྷན་དང་དེ་བཞིན་ཨབ་གྷན་མི་མང་སྐྱབས་བཅོལ་དུ་འགྲོ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་རོགས་སྐྱོར་བྱེད་ཆེད་དུ། ཨ་སྒོར་ཐེར་འབུམ་༡.༢ སྤྲོད་རྒྱུ་ཁས་ལེན་བྱས་ཏེ། དངུལ་དེ་དག་ཨབ་གྷན་ནང་དུ་ཡོད་པའི་རྒྱལ་སྤྱིའི་རང་དབང་ལྡན་པའི་རོགས་ཚོགས་བརྒྱུད་ནས་གཏོང་རྒྱུ་ཡིན་པ་ལས། ཏ་ལི་བྷན་བརྒྱུད་ནས་གཏོང་རྒྱུ་མིན་སྐོར་བརྗོད་འདུག སྟོབས་ཆེན་རྒྱལ་ཁབ་༢༠ ཡི་རོགས་དངུལ་ཕལ་ཆེ་བ་རྣམས་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་ནས་འགྲོ་སོང་གཏོང་རྒྱུ་ཡིན་པ་རེད་འདུག་ཀྱང་། རོགས་དངུལ་ཁ་ཤས་ཐད་ཀར་གཏོང་འཆར་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།