ཨབ་གྷན་ནང་འབར་རྫས་དྲག་རྒོལ་གྱིས་ཉུང་མཐར་མི་༥༠ བསད་ཡོད་འདུག
རང་གཞན་གཉིས་ཕུང་གི་དྲག་རྒོལ་བ་ཞིག་གིས་ཁ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་གི་སར་འབར་རྫས་གཡུགས་ནས། ཉུང་མཐར་མི་༥༠ བསད་ཡོད་འདུག་པ་དང་། ༨༣ ལ་རྨས་སྐྱོན་ཤོར་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༠ ཉིན་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་༦ པ་ཡོལ་ཙམ་ལ། ཨབ་གྷན་གྱི་རྒྱལ་ས་ཀ་བྷུལ་དུ་ཡོད་པའི་ཚོགས་ཁང་ཞིག་ཏུ། ཁ་ཆེ་ཆོས་ལུགས་ཀྱི་སྟོན་པ་མུ་ཧཱ་མ་དྷིའི་འཁྲུང་སྐར་གྱི་ཉིན་མོ་སྲུང་བརྩིའི་ཆེད། གནད་ཡོད་ཁ་ཆེའི་ཆོས་ལུགས་ཀྱི་མཁས་པ་རྣམས་དང་། ཁོ་རང་ཚོའི་སློབ་མ་རྣམས་བཅས་ཁྱོན་མི་ཆིག་སྟོང་ཙམ་ཁ་འདོན་བྱེད་དུ་འཛོམས་སའི་དབུས་སུ། རང་གཞན་གཉིས་ཕུང་གི་དྲག་རྒོལ་བ་ཞིག་གིས་འབར་རྫས་གཡུགས་ནས། ཉུང་མཐར་མི་༥༠ བསད་ཡོད་འདུག་པ་དང་། ༨༣ ལ་རྨས་སྐྱོན་ཤོར་ཡོད་འདུག
ཁ་ཆེ་ཆོས་ལུགས་ཀྱི་སྟོན་པ་མུ་ཧཱ་མ་དྷིའི་འཁྲུང་སྐར་དངོས་ནི་ཕྱི་ཚེས་༢༢ ཉིན་ཡིན་འདུག་པ་དང་། ཨབ་གྷན་གྱི་སྲིད་འཛིན་ཨ་ཤི་ར་ཧྥི་གྷ་ནེས་དྲག་རྒོལ་དེ་ནི་གུ་ཡངས་གཏན་ནས་གཏོང་མི་ཐུབ་པའི་ནག་ཉེས་ཤིག་རེད་ཅེས་དེ་རིང་བརྗོད་ཡོད་འདུག
ད་ཐེངས་ཀྱི་དྲག་རྒོལ་འདི་ནི་འདས་པའི་ཟླ་ངོ་ཁ་ཤས་རིང་དུ་བྱུང་བའི་ཤུགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་དོན་རྐྱེན་དེའི་རྒྱབ་ལྗོངས་ལ་སུ་ཡོད་མེད་ཐད་སུ་གང་གིས་འགན་ལེན་བྱས་མེད་འདུག
ཉེ་བའི་ལོ་ངོ་ཁ་ཤས་རིང་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་(IS) དང་ཏ་ལི་བྷན་ཚོགས་པས་ཨབ་གྷན་ནང་བསྟུད་མར་དྲག་རྒོལ་བྱས་ཡོད་འདུག་ཀྱང་། ད་ཐེངས་ཀྱི་དྲག་རྒོལ་འདིའི་ནང་ཏ་ལི་བྷན་ཚོགས་པ་མཉམ་ཞུགས་མེད་པར་བརྗོད་ནས་འབར་རྫས་དྲག་རྒོལ་དེར་སྐྱོན་བརྗོད་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།