ཨབ་གྷན་བུད་མེད་ཀྱིས་ཏ་ལི་བྷན་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག
ཨབ་གྷ་ནི་སེ་ཐན་ནང་དུ་བུད་མེད་ཁག་ཅིག་གིས་བུད་མེད་ལ་རང་དབང་དང་ཐོབ་ཐང་དགོས་པ་དང་། ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་སྐབས་སྔོན་མའི་སྲིད་གཞུང་གི་དམག་མི་རྣམས་ཁྲིམས་འགལ་ཐོག་ནས་དམར་གསོད་གཏོང་རྒྱུ་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་འདུག
ཟླ་༡༢ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༩ ཉིན་ཨབ་གྷ་ནི་སེ་ཐན་གྱི་རྒྱལ་ས་ཀཱ་བྷུལ་ནང་དུ། བུད་མེད་༣༠ ཙམ་གྱིས་མི་ཊར་བརྒྱ་ཕྲག་ཁ་ཤས་ལམ་ཚད་ལ་ཞི་བའི་གོམ་བགྲོད་བྱས་ཏེ། དྲང་བདེན་ཞེས་སྐད་འབོད་དང་སྦྱར་ཡིག་འཁྱེར་འདུག ཁོ་ཚོས་ཏ་ལི་བྷན་སྲིད་གཞུང་གིས་བུད་མེད་ཀྱི་རང་དབང་དང་ཐོབ་ཐང་ལ་གུས་བརྩི་བྱེད་དགོས་པ་དང་། སྐབས་སྔོན་མའི་སྲིད་གཞུང་གི་དམག་མི་ཟུར་པ་མང་པོ་ཞིག་ཏ་ལི་བྷན་གྱིས་གསང་བའི་ཐོག་ནས་དམར་གསོད་གཏོང་གི་ཡོད་པ་དེ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག རྗེས་ལ་ཏ་ལི་བྷན་རུ་ཁག་གིས་བུད་མེད་དེ་ཚོའི་ལས་འགུལ་བཀག་འགོག་བྱས་འདུག
སྐབས་དེར་ཏ་ལི་བྷན་གྱི་དམག་མིས་གསར་འགོད་པ་ཚོར་ངོ་རྒོལ་ལས་འགུལ་དེ་པར་དང་བརྙན་སོགས་ལེན་པར་བཀག་འགོག་བྱེད་ཐབས་བྱས་ཡོད་ཁར། གསར་འགོད་པ་རྣམས་དུས་ཐུང་རིང་བཀག་ཉར་ཡང་བྱས་ནས་པར་ཆས་ནས་པར་སོགས་ནག་གསུབ་བཏང་འདུག
དེ་སྔོན་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་དྲག་པོའི་ཐོག་ནས་ཨབ་གྷན་གྱི་སྲིད་གཞུང་བཙན་འཕྲོག་བྱས་རྗེས། སྐབས་སྔོན་མའི་སྲིད་གཞུང་གི་དམག་མི་དང་ལས་བྱེད་སོགས་ལ་ཉེས་ཡངས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ཀྱིས་ཏ་ལི་བྷན་སྲིད་གཞུང་གིས་སྐབས་སྔོན་མའི་སྲིད་གཞུང་གི་དམག་མི་༡༠༠ ལས་མང་བ་ཁྲིམས་མེད་ལུགས་མེད་ཐོག་ནས་དམར་གསོད་བཏང་ཡོད་སྐོར་བརྗོད་འདུག་པས། ཐེངས་འདིར་བུད་མེད་ལས་འགུལ་བ་ཚོས་སྐབས་སྔོན་མའི་སྲིད་གཞུང་གི་དམག་མི་དང་ལས་བྱེད་རྣམས་ལ་ཉེན་ཚབས་ཆེན་པོ་ཆགས་ཡོད་སྐོར་བརྗོད་འདུག
དེ་བཞིན་ཚེས་༢༦ ཉིན་ཨབ་གྷན་གྱི་ཏ་ལི་བྷན་སྲིད་གཞུང་གི་བཟང་སྤྱོད་གོང་འཕེལ་དང་ངན་སྤྱོད་སྔོན་འགོག་གི་ལས་ཁང་ཞེས་པ་དེས་ལམ་སྟོན་གསལ་བསྒྲགས་ཤིག་སྤེལ་ཏེ། བུད་མེད་ཁེར་རྐྱང་ཞིག་རྒྱང་ཐག་ཀི་ལོ་མི་ཊར་༧༢ ལས་མང་བ་འགྲུལ་སྐྱོད་བྱེད་མི་ཆོག་པ་དང་། གལ་ཏེ་འགྲུལ་སྐྱོད་བྱེད་དགོས་ཚེ་བུད་མེད་དེའི་མཉམ་དུ་སྤུན་མཆེད་ཉེ་བོ་ཡིན་པའི་སྐྱེས་པ་ཞིག་ངེས་པར་དུ་འགྲུལ་སྐྱོད་བྱེད་དགོས་པ། འགྲུལ་སྐྱོད་སྐབས་སུ་བུད་མེད་ཚོའི་མགོ་རས་ངེས་པར་དུ་གྱོན་དགོས་པ། གལ་ཏེ་མགོ་རས་གྱོན་མེད་ཚེ་ཁ་ལོ་བ་ཚོས་བུད་མེད་དེ་རླངས་འཁོར་ནང་དུ་འཛུལ་འཇུག་མི་ཆོག་པའི་གསལ་བསྒྲགས་བྱས་ཡོད་ཁར། ད་བར་བུད་མེད་སློབ་མ་མང་པོ་ཞིག་སློབ་གྲྭར་འགྲོ་མི་ཆོག་དང་ལས་ཀ་བྱེད་མི་ཆོག་པ་སོགས་བྱས་ཡོད་པས། ཐེངས་འདིའི་བུད་མེད་ལས་འགུལ་བ་ཚོས་བུད་མེད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་པས། བུད་མེད་ཚོས་སོ་སོའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་ནས། ཏ་ལི་བྷན་སྲིད་གཞུང་གིས་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་འདུག
ཏ་ལི་བྷན་གྱིས་རྒྱལ་སྤྱིའི་ནང་སྲིད་གཞུང་དེའི་རྣམ་པ་ཡག་པོ་སྟོན་ཆེད་དུ་ཁ་ཆེ་ཆོས་ལུགས་དང་མཐུན་པའི་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་ངོས་ལེན་བྱས་ཡོད་པ་རེད་དེ། ད་བར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་པ་རེད་འདུག
ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་རྣམས་ལོ་ངོ་༢༠ ཡི་རྗེས་སུ་ཨབ་གྷ་ནི་སེ་ཐན་ནས་ཕྱིར་འཐེན་བྱེད་བཞིན་པ་དང་བསྟུན། རྒྱལ་ཁབ་དེའི་གྱེན་ལངས་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་དམག་འཐབ་དཔྱད་ཞིབ་པ་མང་པོ་ཞིག་གིས་ཚོད་དཔག་ལས་བརྒལ་ནས། གལ་གནད་ཆེ་བའི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་དུས་ཡུན་ཐུང་ཐུང་ནང་བཙན་བཟུང་བྱས་ནས་མཐའ་མ་དེར་རྒྱལ་ས་ཡང་བཙན་འཛུལ་བྱས་ཏེ་སྲིད་གཞུང་བཙན་འཕྲོག་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།