ཨལ་ཧྥ་ཚོགས་པའི་༧གོང་ས་མཆོག་ཆིབས་བསྒྱུར་དང་འབྲེལ་བའི་ཡོངས་ཁྱབ་འཕྲིན་ཡིག
རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ཨལ་ཧྥ་ {ཨ་སམ་བཅིངས་གྲོལ་འཐབ་ཕྱོགས་གཅིག་གྱུར། རང་བཙན་ United liberation Front of Asom – Independent (UIFA-I)} ཞེས་པའི་ཚོགས་པ་དེས། ༧གོང་ས་མཆོག་གིས་རྒྱ་ནག་ལ་ཁ་གཏད་ཀྱི་བཀའ་མོལ་གསུང་མི་ཆོག་པའི་ཉེན་བརྡ་བཏང་འདུག
དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་དེ་རིང་གི་བྱང་ཤར་ཞེས་པའི་བརྒྱུད་ལམ་ཐོག་ཏུ་འཕྲིན་ཡིག་དེ་བཀོད་འདུག་པ་དང་། གཏོང་ཡིག་དེའི་ནང་ཨལ་ཧྥའི་ཚོགས་གཙོ་ཨ་བྷི་ཛི་ཌེ་ཨ་སོམ་གྱིས། ཟླ་༤ པའི་ཚེས་༡ ཉིན་༧གོང་ས་མཆོག་རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་དུ་འབྱོར་སྐབས། ཆ་རྐྱེན་ཞིག་ཡོད་པ་ནི་ས་གནས་དེར་ཡོངས་བསྒྲགས་དང་མི་སྒེར་གྱི་བར་དུ་རྒྱ་ནག་ལ་ཁ་གཏད་ཀྱི་བཀའ་མོལ་གནང་མི་ཆོག་པ་དང་། དེ་བཞིན་ཨ་སམ་དང་རྒྱ་ནག་གཉིས་ནི་མཛའ་མཐུན་གྱི་ཁྱིམ་མཚེས་ཡིན་ཁར། ཡུན་རིང་པོའི་སྐད་རིགས་དང་རིག་གཞུང་གི་འབྲེལ་བ་ཡོད་པས། ཁུལ་དེར་རྒྱ་གར་གྱི་ལངས་ཕྱོགས་ཁྱབ་སྤེལ་བྱས་ཚེ། ཁོ་ཚོས་བཟོད་སྒོམ་བྱ་རྒྱུ་མིན་སྐོར་བཀོད་འདུག
དེ་བཞིན་ཁོས་༧གོང་ས་མཆོག་ལ་ཨ་སམ་དེ་རྒྱ་གར་གྱིས་བཙན་འཛུལ་བྱས་པའི་ལུང་པ་ཞིག་ཡིན་པར་ངོས་ལེན་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་དང་། ཉེ་ཆར་རྒྱ་ནག་གི་དགག་པ་ལ་མ་ལྟོས་པར་༧གོང་ས་མཆོག་གིས་ཨ་རུ་ན་ཅཱལ་ལ་ཕེབས་རྒྱུ་ཐག་གཅོད་བྱས་པ་དེས། ཁོ་ཚོར་སེམས་འཚབ་ཡོད་པ། རྒྱ་དཀར་ནག་གཉིས་བར་གྱི་རྩོད་རྙོག་དེ་ཆེ་རུ་སོང་ནས་དམག་ཤོར་སྲིད་སྐོར་བརྗོད་ནས། གལ་ཏེ་༧གོང་ས་མཆོག་ཨ་སམ་ལ་ཞབས་སོར་འཁོད་རྒྱུ་ཐུགས་ཐག་བཅད་ཚེ། གོ་སྐབས་བཟུང་ནས་ཞི་བའི་ཕོ་ཉ་གནང་ཐུབ་སྲིད་སྐོར་བརྗོད་འདུག
མཐའ་མ་དེར་ཁོས་དོན་ཚན་དྲུག་བཀོད་འདུག་པ་དང་། དེའི་ནང་༧གོང་ས་མཆོག་གིས་ཨ་སམ་དུ་ནང་ཆོས་བསྐྱར་གསོ་དང་ལྷ་ཁང་ཞིག་བསྐྱར་གསོ་གནང་རྒྱུར་དགོངས་བཞེས་གནང་སྲིད་སྐོར་སོགས་དང་། ཕྱི་ལོ་༡༩༧༩ ནས་༡༩༨༥ བར་ཨ་སམ་ནང་དུ་མང་གཙོ་དང་འཚེ་མེད་ཞི་བའི་འཐབ་རྩོད་སྐབས། སློབ་ཕྲུག་༨༥༥ དམར་གསོད་བཏང་བར་རྒྱ་གར་ལ་སྐྱོན་བརྗོད་བྱེད་དགོས་པ་དང་། དེ་བཞིན་རྒྱ་གར་གཞུང་ལ་ཨ་སམ་དང་འབྲས་ལྗོངས་སོགས་ཀྱི་རང་བཙན་བསྐྱར་གསོ་བྱེད་པའི་སྐུལ་མ་བྱེད་ཐུབ་ཀྱི་ཡིན་སྐོར་འཁོད་འདུག
ཟླ་འདིའི་ཚེས་༢༨ ཉིན་གྱི་ཧིན་རྡུ་སི་ཐན་གྱི་དུས་བབ་ཐོག་ཏུ་གནས་ཚུལ་བཀོད་གསལ། ཨ་སམ་དུ་ཉིན་གཉིས་རིང་གི་མཛད་འཕྲིན་སྐབས། ༧གོང་ས་མཆོག་ཕེབས་རྒྱུ་ཡིན་པའི་མཛད་སྒོ་ཁག་ལ་ཨལ་ཧྥས་བར་ཆད་གཏོང་ཐབས་བྱེད་སྲིད་པའི་གནས་ཚུལ་ཐོན་ཡོད་པས། བདེ་སྲུང་གི་ཚད་གཞི་མཐོ་རུ་བཏང་ཡོད་འདུག
བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨལ་ཧྥ་ཞེས་པའི་ཚོགས་པ་དེ་ནི་རྒྱ་གར་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་པ་དང་། ཚོགས་པ་དེའི་འགོ་ཁྲིད་གཙོ་བོ་ཞིག་རྒྱ་ནག་ཏུ་ཡིབ་ནས་བསྡད་ཡོད་འདུག ལོ་གཉིས་སྔོན་ནས་རྒྱ་ནག་དང་མཛའ་མཐུན་གྱི་འབྲེལ་བ་ཡོད་སྐོར་ཡོངས་བསྒྲགས་བཟོས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
http://thenortheasttoday.com/assam-ulfa-i-writes-open-letter-to-dalai-lama-says-assam-china-deeply-related/