ཨི་ཊ་ལི་ནང་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་ཞིག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་འདུག 

ཨི་ཊ་ལིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་དོན་ལ། མི་རིགས་རིང་ལུགས་ལྟ་མཁྲེགས་ཤུགས་ཆེན་འཛིན་མཁན་གྱི་སྲིད་དོན་ཚོགས་པ་ཞིག་ལ་རྒྱལ་ཁ་ཐོབ་འདུག་པ་དང་། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་དེ་སྲིད་བློན་ཆགས་རྒྱུ་ཡིན་པས། ཁོང་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་བུད་མེད་ཀྱི་སྲིད་བློན་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག 

ཟླ་༩ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨི་ཊ་ལིའི་མི་རིགས་རིང་ལུགས་ལྟ་མཁྲེགས་ཤུགས་ཆེན་འཛིན་མཁན་དང་། གནས་སྤོ་བ་དང་སྐྱབས་བཅོལ་བར་ངོ་རྒོལ་བྱེད་མཁན། ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་མེད་པའི་རྣམ་པ་ཤུགས་ཆེན་སྟོན་མཁན་ཨི་ཊ་ལིའི་སྤུན་གྲོགས་ཞེས་པའི་སྲིད་དོན་ཚོགས་པར། གྲོས་ཚོགས་ཀྱི་འོས་བསྡུའི་ནང་དུ་འོས་གྲངས་བརྒྱ་ཆ་༢༦ ཐོབ་ནས་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཐོབ་མཁན་གྱི་སྲིད་དོན་ཚོགས་པ་དེ་ཆགས་འདུག 

སྲིད་དོན་ཚོགས་པ་དེའི་མཐུན་ཕྱོགས་སྲིད་དོན་ཚོགས་པ་གཞན་གཉིས་ལ་འོས་གྲངས་བརྒྱ་ཆ་༨.༧ དང་༨.༢ ཐོབ་འདུག་པས། ཟླ་སྒྲིལ་སྲིད་དོན་ཚོགས་པ་དེར་གྲོས་ཚོགས་ནང་གི་མང་མོས་ཀྱི་རྐུབ་སྟེགས་གྲངས་ལོན་ནས་གཞུང་འཛིན་སྲིད་དོན་ཚོགས་པ་བྱེད་ཐུབ་རྒྱུ་ཡིན་འདུག 

ཐེངས་འདིར་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་གྱི་ཟླ་སྒྲིལ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པ་དེ་ནི། དམག་ཆེན་གཉིས་པའི་རྗེས་སུ་ཐེངས་དང་པོར་རྒྱལ་ཁབ་དེར་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་ཤུགས་ཆེན་ཡོད་མཁན་གྱི་སྲིད་གཞུང་དང་འགོ་ཁྲིད་གཅིག་སླེབས་པ་ཡིན་འདུག་པས། དེ་ལ་བརྟེན་ནས་ཡུ་རོབ་མཐུན་ཚོགས་ཀྱི་བརྟན་ལྷིངས་ལ་ཡང་ཉེན་ཁ་ཆགས་ཀྱི་ཡོད་འདུག 

ཨི་ཊ་ལིའི་སྤུན་གྲོགས་སྲིད་དོན་ཚོགས་པའི་འགོ་ཁྲིད་ལྕམ་རྗོར་རྗིཡ་མཱི་ལོ་ནཱི་ཁོང་རྒྱལ་ཁབ་དེའི་ལོ་རྒྱུས་ནང་གི་བུད་མེད་སྲིད་བློན་དང་པོ་དེ་ཆགས་རྒྱུ་ཡིན་འདུག་པས། ཁོང་ནི་ཡོངས་གྲགས་སུ་གནས་སྤོ་བ་དང་སྐྱབས་བཅོལ་བ། ཡུ་རོབ་མཐུན་ཚོགས། ཁ་ཆེ་སོགས་ལ་དགག་བྱ་དང་། ཨི་ཊ་ལིའི་ཁེ་ཕན་དེ་གལ་གནད་ཆེ་ཤོས་སུ་ངོས་འཛིན་དང་ཤུགས་དྲག་ཆེན་པོའི་ཐོག་ནས་གཏམ་བཤད་བྱེད་མཁན་ཞིག་ཡིན་འདུག ཁོང་གིས་འོས་བསྡུའི་རྒྱལ་ཁ་དང་འབྲེལ་ནས་ཨི་ཊ་ལིའི་མི་མང་ཚང་མའི་ཆེད་དུ་ལས་དོན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག 

ཨི་ཊ་ལི་རྒྱལ་ཁབ་དེ་ནི་ཡུ་རོབ་མཐུན་ཚོགས་ནང་དུ་དཔལ་འབྱོར་ཆེ་ཤོས་གསུམ་པ་དེ་ཡིན་འདུག་པས། གལ་ཏེ་རྒྱལ་ཁབ་དེ་ཡང་དབྱིན་ཡུལ་ལྟར་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་ལམ་ལ་སོང་ཚེ། མཐུན་ཚོགས་དེར་དཀའ་ངལ་ཆེན་པོ་འཕྲད་ཉེན་ཡོད་འདུག 

ལྕམ་ཁོང་གི་སྲིད་དོན་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པར་འོས་གྲངས་བརྒྱ་ཆ་༧༠ ཐོབ་མེད་པས། མང་མོས་ཐག་གཅོད་འོས་བསྡུ་མེད་པའི་ཐོག་ནས་རྩ་ཁྲིམས་ལ་བསྐྱར་བཅོས་བྱེད་པའི་དབང་ཚད་ཐོབ་མེད་པ་རེད་འདུག དེ་ཡང་ཟླ་སྒྲིལ་སྲིད་དོན་ཚོགས་པ་དེས་ཨི་ཊ་ལི་ནང་གི་སྲིད་འཛིན་དེ་གྲོས་ཚོགས་ནས་འོས་འདེམས་མིན་པར། མི་མང་ནས་ཐད་ཀར་འོས་འདེམས་བྱེད་དགོས་པའི་བསམ་ཚུལ་འཛིན་གྱི་འདུག་པས། བསམ་ཚུལ་དེར་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ཚོས་དགག་བྱ་ཆེན་པོ་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།