ཨི་ཛེ་རིལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་གཞུང་གསར་པ་འཛིན་རྒྱུར་མོས་མཐུན་བྱུང་འདུག

ཨི་ཛེ་རིལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་ལས་ཁུར་སྲིད་བློན་གྱི་སྲིད་གཞུང་མེད་པ་བཟོ་ཆེད་དུ། སྲིད་དོན་ཚོགས་པ་མང་པོ་ཞིག་ཟླ་སྒྲིལ་གྱིས་གཞུང་འཛིན་རྒྱུར་མོས་མཐུན་བྱུང་འདུག

ཟླ་༦ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨི་ཛེ་རིལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་མི་འདྲ་བ་༨ ཀྱིས་ཟླ་སྒྲིལ་བྱས་ཏེ། སྲིད་གཞུང་གསར་པ་འཛིན་རྒྱུ་ཡིན་སྐོར་རྒྱལ་ཁབ་དེའི་སྲིད་འཛིན་ལ་སྙན་སེང་ཞུས་ཟིན་ཡོད་འདུག་པ་དང་། སྲིད་གཞུང་གསར་པ་དེར་གྲོས་ཚོགས་ནང་དུ་ཡང་མང་མོས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་འདུག གལ་ཏེ་ལས་དོན་དེར་གྲུབ་འབྲས་ཐོན་ཚེ། འདས་པའི་ལོ་ངོ་༡༢ རིང་ཨི་ཛེ་རིལ་གྱི་སྲིད་དབང་འཛིན་མཁན་ནཱི་ཏན་ཡ་ཧུ་དང་ཁོང་གི་སྲིད་དོན་ཚོགས་པའི་དབང་འཛིན་གྱི་དུས་ཡུན་མཇུག་སྒྲིལ་གཏོང་ཐུབ་རྒྱུ་ཡིན་འདུག ནཱི་ཏན་ཡ་ཧུ་ཡིས་སྲིད་གཞུང་གསར་པ་འཛིན་རྒྱུའི་འཆར་གཞི་འདི་ནི་དུས་རབས་འདིའི་གཡོ་ཟོལ་ཚབས་ཆེ་ཤོས་དེ་ཡིན་སྐོར་བརྗོད་ནས་སྐྱོན་བརྗོད་ཆེན་པོ་བྱས་འདུག

ཐེངས་འདིའི་གཞུང་འཛིན་ཟླ་སྒྲིལ་ཕྱོགས་ཁག་དེའི་ནང་ཐེངས་དང་པོར་ཨི་ཛེ་རིལ་གྱི་ཁ་ཆེའི་སྲིད་དོན་ཚོགས་པ་ཡང་མཉམ་ཞུགས་བྱས་འདུག

དཔྱད་བརྗོད་པ་ཁག་ཅིག་གིས་སྤྱིར་སྲིད་དོན་ཚོགས་པ་དེ་དག་བར་དུ་ལྟ་བ་ལངས་ཕྱོགས་ཀྱི་ཐོག་ནས་མི་མཐུན་པའི་གཞི་མང་པོ་ཡོད་ཀྱང་། ཁོ་ཚོ་ཚང་མའི་ཐུན་མོང་གི་དམིགས་ཡུལ་ནི་ནཱི་ཏན་ཡ་ཧུ་ཡི་སྲིད་གཞུང་མེད་པ་བཟོ་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

ཟླ་སྒྲིལ་ཕྱོགས་ཁག་དེས་གྲོས་ཚོགས་གང་མགྱོགས་འཚོགས་པའི་དགོས་འདུན་བཏོན་འདུག་ཀྱང་། གྲོས་ཚོགས་མ་འཚོགས་པའི་སྔོན་ནས་སྲིད་དོན་གྱི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས། ཟླ་སྒྲིལ་ཕྱོགས་ཁག་དེ་ཁ་འཐོར་ཡང་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།