ཨི་ཛེ་རིལ་གྱིས་ལོ་གཉིས་ནས་འོས་བསྡུ་ཐེངས་བཞི་པ་བྱེད་རྒྱུ་ཡིན་འདུག 

དཀྱིལ་ཤར་ཡུལ་གྲུ་ཨི་ཛེ་རིལ་གྱི་གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པ་བར་ལས་དོན་ཐད་མོས་མཐུན་མ་བྱུང་བས། གཞུང་གསར་པ་ཞིག་ཡོང་ཆེད་དུ་འོས་བསྡུ་བྱེད་རྒྱུ་ཡིན་འདུག་པ་དང་། ཟླ་སྒྲིལ་སྲིད་དོན་ཚོགས་པ་གཉིས་ཀྱིས་ཕན་ཚུན་ཉེས་གཡོགས་བྱེད་བཞིན་འདུག 

ཟླ་༡༢ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༢ ཉིན་ཨི་ཛེ་རིལ་གྱི་གྲོས་ཚོགས་ནང་དུ་ཕྱི་ལོ་༢༠༢༠ དང་༢༠༢༡ ཀྱི་སྔོན་རྩིས་ལས་དོན་ཐོག་མོས་མཐུན་ཡོང་བའི་དུས་བཀག་ཚེས་གྲངས་ཡིན་ཡང་། གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པ་གཉིས་བར་མོས་མཐུན་མ་བྱུང་ནས། དེ་སྔོན་ཕྱོགས་གཉིས་བར་གཞུང་འཛིན་ཆེད་དུ་བཞག་པའི་གྲོས་མཐུན་ལག་བསྟར་མ་ཐུབ་པས། ད་ཡོད་གཞུང་དེ་འཕོ་འགྱུར་འགྲོ་རྒྱུ་ཡིན་འདུག་པ་དང་། ཕྱི་ལོ་༢༠༢༡ ལོའི་ཟླ་༣ པའི་ཚེས་༢༣ ཉིན་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་གོ་སྒྲིག་བྱེད་སྲིད་པ་རེད་འདུག 

དེ་ཡང་ཟླ་༥ པའི་སྔོན་གྱི་ཉིན་གྲངས་༥༠༠ ལྷག་གི་སྔོན་དུ། ཨི་ཛེ་རིལ་དུ་འོས་བསྡུ་ཐེངས་གསུམ་བྱས་ཀྱང་། གཞུང་འཛིན་བྱེད་པའི་དགོས་ངེས་ཀྱི་གྲོས་ཚོགས་རྐུབ་སྟེགས་ཐོབ་མཁན་སྲིད་དོན་ཚོགས་པ་ཞིག་བྱུང་མེད་ཁར། གཞུང་འཛིན་བྱེད་ཆེད་དུ་སྲིད་དོན་ཚོགས་པ་བར་ཟླ་སྒྲིལ་གྱི་མོས་མཐུན་ཡང་བྱུང་ཐུབ་མེད་པས། གཞུང་བརྟན་པོ་ཞིག་མེད་པར་ལྷག་ཡོད་པ་རེད། འོན་ཀྱང་ཟླ་༥ པའི་ནང་གི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་རྗེས་སུ། སྲིད་བློན་ནཱེ་ཐན་ཡ་ཧུ་དང་ཁ་གཏད་པ་གཙོ་བོ་གྷན་ཛ་གཉིས་ཀྱི་སྲིད་དོན་ཚོགས་པ་གཉིས་བར་ཟླ་སྒྲིལ་གྱིས་གཞུང་གསར་པ་ཞིག་ལོ་གསུམ་རིང་འཛིན་སྐྱོང་བྱེད་རྒྱུར་མོས་མཐུན་བྱུང་ཡོད་ཁར། གྲོས་ཚོགས་ནས་ཀྱང་རྒྱབ་སྐྱོར་བྱས་ནས་མང་མོས་ཐོབ་ཡོད་འདུག ཕྱོགས་གཉིས་བར་གྱི་གྲོས་མཐུན་ནང་དུ་ཐོག་མར་སྲིད་བློན་ནཱེ་ཐན་ཡ་ཧུ་ཡིས་ཟླ་བ་༡༨ རིང་སྲིད་བློན་གྱི་ལས་ཁུར་བྱེད་རྒྱུ་དང་། དེའི་རྗེས་སུ་གྷན་ཛ་ལ་རྩིས་སྤྲོད་བྱེད་རྒྱུ་ཐག་གཅོད་བྱུང་ཡོད་འདུག འོན་ཀྱང་ཟླ་སྒྲིལ་གྱི་གཞུང་དེ་འགོ་བཙུགས་ནས་ཟླ་༧ ཙམ་སོང་རྗེས་འཐོར་བཤིག་སོང་ནས། ལོ་གཉིས་ནང་འོས་བསྡུ་ཐེངས་༤ པ་དེ་བྱེད་དགོས་པ་ཆགས་འདུག 

སྲིད་བློན་ནཱེ་ཐན་ཡ་ཧུ་ཡིས་སྲིད་དོན་ཚོགས་པ་གཞན་དེས་ཕྱོགས་གཉིས་བར་བཞག་པའི་གྲོས་མཐུན་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་འོག་དགོས་མེད་ཀྱི་འོས་བསྡུ་བྱེད་དུ་བཅུག་ཡོད་པ་དང་། ཁོང་གི་སྲིད་དོན་ཚོགས་པས་གནས་སྟངས་དེའི་འོག་འོས་འགྲན་བྱེད་འདོད་མེད་ཀྱང་། ཁོ་ཚོར་རྒྱལ་ཁ་ཐོབ་རྒྱུ་ཡིན་པས་ཞེད་སྣང་བྱེད་ཀྱི་མེད་སྐོར་བརྗོད་འདུག 

ཨི་ཛེ་རིལ་གྱི་ཆེས་མཐོའི་ཁྲིམས་ཁང་དུ། སྲིད་བློན་ནཱེ་ཐན་ཡ་ཧུ་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་ཡོད་པས། ཁ་གཏད་སྲིད་དོན་ཚོགས་པའི་འགོ་ཁྲིད་གྷན་ཛ་ཡིས་སྲིད་བློན་ནཱེ་ཐན་ཡ་ཧུ་ནི་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་ཞིབ་ལ་མགོ་འཁོར་ནས་བསྡད་ཡོད་པ་ལས། མི་མང་གི་བདེ་སྡུག་ལ་སེམས་ཁུར་མེད་པ་དེར་བློ་ཕམ་བྱུང་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།