ཨི་ཛེ་རིལ་གྱིས་སྲིད་བློན་གསར་པས་རྒྱལ་ཁབ་གཅིག་སྒྲིལ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

ཨི་ཛེ་རིལ་ནང་ལྟ་བ་ལངས་ཕྱོགས་སྣ་མང་ཡོད་པའི་སྲིད་དོན་ཚོགས་པ་ཁག་ཅིག་གིས་ཟླ་སྒྲིལ་བྱས་ཏེ་སྲིད་གཞུང་གསར་འཛུགས་བྱས་ཐུབ་ཡོད་པ་དང་། ལོ་ངོ་༡༢ ཀྱི་རྗེས་སུ་ཐེངས་དང་པོར་སྲིད་བློན་གསར་པ་ཞིག་བསྐོ་གཞག་བྱེད་ཐུབ་འདུག འོན་ཀྱང་ཟླ་སྒྲིལ་གྱི་སྲིད་གཞུང་དེའི་ནང་མི་མཐུན་པའི་ཆ་མང་པོ་ཡོད་རྐྱེན། སྲིད་གཞུང་རྒྱུན་གནས་ཐུབ་མིན་ཤོད་དཀའ་བ་ཡིན་འདུག

ཟླ་༦ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༣ ཉིན་ཨི་ཛེ་རིལ་གྱི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་མང་པོ་ཞིག་ཟླ་སྒྲིལ་བྱས་པའི་སྲིད་གཞུང་གསར་པར་རྒྱབ་སྐྱོར་བྱེད་མཁན་འཐུས་མི་༦༠ དང་མི་བྱེད་མཁན་༥༩ བྱུང་ནས་འོས་གྲངས་༡ གིས་རྒྱལ་ཁ་ཐོབ་ནས། ཨི་ཛེ་རིལ་ནང་སྲིད་གཞུང་གསར་པ་ཞིག་འཛུགས་ཐུབ་པ་བྱུང་འདུག དེ་ཡང་ཕྱོགས་འགལ་སྲིད་དོན་ཚོགས་པ་༨ ལས་གྲུབ་པའི་ཟླ་སྒྲིལ་གྱི་སྲིད་གཞུང་གསར་པའི་སྲིད་བློན་ནཱ་ཧྤེཏལཱི་བྷེ་ནིཏ་ཡིས། དེ་རིང་ཉིན་མོ་དེ་ནི་མྱ་ངན་གྱི་ཉིན་མོ་ཞིག་མིན་པ་དང་། དེ་ནི་མང་གཙོའི་ནང་སྲིད་གཞུང་ལ་འཕོ་འགྱུར་བྱུང་བའི་གནད་དོན་ཞིག་ཡིན་པ། ཁོང་གིས་རྒྱལ་ཁབ་གཅིག་སྒྲིལ་བཟོ་རྒྱུ་དང་། མི་མང་ཚང་མ་བདེ་འཇགས་ཀྱི་ཚོར་བ་སླེབས་ཐབས་སུ་འབད་བརྩོན་ཆ་ཚང་བྱེད་རྒྱུ། དེ་བཞིན་སྲིད་གཞུང་གསར་པར་དགའ་བསུ་ཞུ་མཁན་ཚོས། སྲིད་དོན་ཚོགས་པ་གཞན་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ན་ཟུག་སྟེང་ལ་ཞབས་བྲོ་རྒྱག་མི་རུང་བ། ཕྱོགས་གཞན་དེ་དགྲ་བོ་མིན་ཁར། ཚང་མ་གཅིག་ཡིན་སྐོར་བརྗོད་འདུག འོན་ཀྱང་སྲིད་གཞུང་གསར་པར་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ལམ་དཀྱིལ་དུ་ཐོན་ནས་ཞབས་བྲོ་བརྒྱབ་པ་སོགས་ཀྱིས་དགའ་བསུ་ཆེན་པོ་ཞུས་འདུག

འདས་པའི་ལོ་ངོ་གཉིས་ནང་ཨི་ཛེ་རིལ་དུ་འོས་བསྡུ་ཐེངས་༤ བྱས་ཡོད་པ་དང་། དེ་ཡང་གཞུང་འཛིན་བྱེད་ཆེད་དུ་སྲིད་དོན་ཚོགས་གཅིག་ལ་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་ཐོབ་མེད་ཁར། སྲིད་དོན་ཚོགས་པ་ཁག་གི་བར་དུ་ཟླ་སྒྲིལ་གྱིས་གཞུང་འཛིན་རྒྱུར་མོས་མཐུན་མ་བྱུང་བས་ཡིན་འདུག ཐེངས་འདིར་སྲིད་གཞུང་གསར་པ་ཞིག་བྱུང་ཡོད་རྐྱེན། འདས་པའི་ལོ་ངོ་༡༢ རིང་རྒྱལ་ཁབ་དེའི་སྲིད་དབང་འཛིན་མཁན་ནཱི་ཏན་ཡ་ཧུ་འཕོ་འགྱུར་བཏང་ཐུབ་པ་བྱུང་འདུག ཁོང་གིས་ཁོང་དང་ཁོང་གི་སྲིད་དོན་ཚོགས་པས་བསྐྱར་དུ་གཞུང་འཛིན་བྱེད་ཐབས་སུ་ལས་དོན་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག

དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལ། སྲིད་གཞུང་གསར་པ་དེའི་ནང་གི་སྲིད་དོན་ཚོགས་པ་ཚོའི་བར་ལ་ལྟ་བ་ལངས་ཕྱོགས་ཐོག་ནས་མི་མཐུན་པའི་ཆ་མང་པོ་ཞིག་ཡོད་པ་དང་། ཁོ་ཚོའི་བར་གྱི་མཐུན་པའི་ཆ་ནི་སྐུ་ཞབས་ནཱི་ཏན་ཡ་ཧུ་ཡི་སྲིད་དབང་མེད་པ་བཟོ་རྒྱུ་དེ་ཡིན་པས། སྲིད་བློན་གསར་པས་ཟླ་སྒྲིལ་སྲིད་དོན་ཚོགས་པ་རྣམས་མཉམ་གནས་ཡོང་ཐབས་སུ་འབད་བརྩོན་ཆེན་པོ་བྱེེད་དགོས་པ་ཆགས་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

ཐེངས་འདིའི་གཞུང་འཛིན་ཟླ་སྒྲིལ་ཕྱོགས་ཁག་དེའི་ནང་ཐེངས་དང་པོར་ཨི་ཛེ་རིལ་གྱི་ཁ་ཆེའི་སྲིད་དོན་ཚོགས་པ་ཡང་མཉམ་ཞུགས་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།