ཨི་ཛེ་རིལ་དང་པཱེ་ལི་སེ་ཐན་བར་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་བྱུང་འདུག 

ཨི་ཛེ་རིལ་དང་པཱེ་ལི་སེ་ཐན་གྱི་དྲག་དམག་རུ་ཁག་ཧཱ་མཱ་སེ་བར་ཉིན་གྲངས་༡༡ རིང་དམག་འཁྲུག་དང་། དེ་བཞིན་ཨི་ཛེ་རིལ་གྱི་ས་ཁུལ་ཁག་ཅིག་ཏུ་ཇིའུ་དང་ཁ་ཆེ་མི་རིགས་བར་འཁྲུག་འཛིངས་སོགས་བྱུང་རྗེས། དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་བྱུང་འདུག 

ཟླ་༥ པའི་ཚེས་༢༡ ཉིན་གྱི་ཞོགས་པ་ནས། ཨི་ཛེ་རིལ་དང་ཧཱ་མཱ་སེ་གཉིས་ཀྱིས་ཕན་ཚུན་མེ་ཤུགས་འཕུར་མདའ་འཕེན་རེས་དང་། གནམ་ཐོག་ནས་དྲག་རྒོལ་བྱེད་པ་སོགས་དམག་འཁྲུག་གི་ལས་དོན་མཐའ་དག་མཚམས་འཇོག་བྱེད་རྒྱུ་གྲོས་མཐུན་བྱུང་འདུག འོན་ཀྱང་པཱེ་ལི་སེ་ཐན་གྱིས་གལ་ཏེ་གྲོས་མཐུན་གྱི་ཆ་རྐྱེན་དང་འགལ་ཚེ་དམག་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་ཡོད་སྐོར་བརྗོད་འདུག དེ་བཞིན་ཕྱོགས་གཉིས་ཀས་སོ་སོ་རྒྱལ་ཁ་ཐོབ་ཡོད་པ་ངོས་འཛིན་གྱིས་ཡོངས་གྲགས་བཟོས་འདུག 

དེ་ཡང་ཨི་ཛེ་རིལ་གྱིས་བཙན་བཟུང་བྱས་པའི་ཤར་ཇུ་རུ་སི་ལམ་ནང་དུ་ཡོད་པའི་གནས་ཆེན་ཞིག་དང་འབྲེལ་ནས། ཨི་ཛེ་རིལ་དང་པཱེ་ལི་སེ་ཐན་བར་འཁྲུག་རྩོད་རིམ་པ་བྱུང་རྗེས། ཟླ་༥ པའི་ཚེས་༡༠ ཉིན་པཱེ་ལི་སེ་ཐན་གྱི་དྲག་དམག་ཧཱ་མཱ་སེ་ཡིས་ཨི་ཛེ་རིལ་ལ་མེ་ཤུགས་འཕུར་མདའ་འཕངས་ཡོད་པ་དང་། ཨི་ཛེ་རིལ་གྱིས་རྒོལ་ལན་བསློགས་ནས། ཕྱོགས་གཉིས་བར་ཉིན་གྲངས་༡༡ རིང་གི་དམག་འཁྲུག་བྱས་ཡོད། པཱེ་ལི་སེ་ཐན་གྱི་མི་རིགས་ཉུང་མཐར་༢༣༢ ཀྱི་ཚེ་སྲོག་ཤོར་འདུག་པ་དང་། དེའི་ནང་ཕྲུ་གུ་དང་བུད་མེད་༡༠༠ ལས་མང་བ་ཡོད་འདུག ཨེ་ཛི་རིལ་ནང་དུ་མི་གྲངས་༡༢ ཀྱི་ཚེ་སྲོག་ཤོར་འདུག་པ་དང་། དེའི་ཁྲོད་ཕྲུ་གུ་༢ ཡོད་པ་རེད་འདུག 

ཨི་ཛེ་རིལ་གྱིས་བརྗོད་དོན་ལྟར་ན། པཱེ་ལི་སེ་ཐན་ནང་དུ་ཚེ་སྲོག་ཤོར་མཁན་ཁྲོད་མི་གྲངས་ཉུང་མཐར་༡༥༠ ནི་དྲག་དམག་ཡིན་པ་དང་། དམག་འཁྲུག་གི་རིང་ཧཱ་མཱ་སེ་ཡིས་ཨི་ཛེ་རིལ་མེ་ཤུགས་འཕུར་མདའ་གྲངས་༤༠༠༠ ཙམ་འཕངས་ཡོད་སྐོར་བརྗོད་འདུག 

ཕྱོགས་གཉིས་བར་དམག་མཚམས་བཞག་བར་བར་འདུམ་བྱེད་མཁན་གཙོ་བོ་ནི་ཨཱི་ཇིབ་(Egypt) ཡིན་འདུག་པ་དང་། རྒྱབ་ནས་གཙོ་བོ་ཨི་ཛེ་རིལ་ལ་གནོན་ཤུགས་སྤྲོད་མཁན་ཁྲོད་དུ་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།