ཨི་ཛེ་རིལ་དང་ཨ་རབ་སྤྱི་མཐུན་རྒྱལ་ཁབ་དབར་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མཐུན་བཞག་འདུག
ཨི་ཛེ་རིལ་དང་ཨ་རབ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་བར་ཐེངས་དང་པོར་འབྲེལ་ལམ་འཛུགས་པའི་གྲོས་མཐུན་བཞག་འདུག་པ་དང་། སྣུམ་གྱི་ཕྱུག་པའི་མཚོ་ཁུག་ཨ་རབ་རྒྱལ་ཁབ་ཁོངས་ནས་ཨེ་ཛི་རིལ་དང་འབྲེལ་ལམ་འཛུགས་མཁན་རྒྱལ་ཁབ་དང་པོ་དེ་ཨ་རབ་སྤྱི་མཐུན་རྒྱལ་ཁབ་ཆགས་ཡོད་འདུག འབྲེལ་ལམ་དེའི་ནང་པཱེ་ལི་སེ་ཐན་གྱི་གནད་དོན་ཡང་འདུག་པས། གནད་དོན་དེར་སྐྱོན་བརྗོད་བྱེད་བཞིན་འདུག
ཟླ་༨ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རབ་སྤྱི་མཐུན་རྒྱལ་ཁབ་དང་ཨི་ཛེ་རིལ་རྒྱལ་ཁབ་གཉིས་བར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་གསར་འཛུགས་ཀྱི་གྲོས་མཐུན་བཞག་ཡོད་པའི་གསལ་བསྒྲགས་སྤེལ་འདུག་པ་དང་། གྲོས་མཐུན་དེ་གྲུབ་འབྲས་ཐོན་ཆེད་དུ་ཊོམ་སྲིད་གཞུང་གིས་བར་གནས་ཀྱིས་མཐུན་སྦྱོར་བྱས་ཡོད་པ་རེད་འདུག་པས། དེ་ནི་ཨ་རིའི་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བས། ཊོམ་གྱི་ཕྱི་སྲིད་ལས་དོན་གྲུབ་འབྲས་ཤིག་ཆགས་ཡོད་འདུག
གྲོས་མཐུན་ནང་དུ་རྒྱལ་ཁབ་དེ་གཉིས་བར་འབྲེལ་ལམ་གསར་འཛུགས་དང་། ཨི་ཛེ་རིལ་གྱིས་པཱེ་ལི་སེ་ཐན་གྱི་ས་ཁུལ་དུ་ཁྲིམས་འགལ་ཐོག་ནས་འཛུགས་སྐྲུན་བྱས་པའི་ཇིའུ་མི་རིགས་ཀྱི་གཞིས་ཆགས་རྣམས་ཀྱི་བདག་དབང་དེ་ཨི་ཛེ་རིལ་ལ་ཡོད་པའི་གསལ་བསྒྲགས་དང་། དེ་བཞིན་པཱེ་ལི་སེ་ཐན་གྱི་ས་ཁུལ་གཞན་ཁག་ཅིག་ཀྱང་བཙན་བཟུང་བྱེད་རྒྱུའི་འཆར་གཞི་དེ་གནས་སྐབས་རིང་ཕྱིར་འཐེན་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་རེད་འདུག འོན་ཀྱང་གྲོས་མཐུན་དེའི་ནང་འབྲེལ་ཡོད་པཱི་ལི་སེ་ཐན་གཞུང་དང་མི་མང་གི་ཆ་ཤས་མེད་འདུག་པས། གྲོས་མཐུན་དེར་སྐྱོན་བརྗོད་ཆེན་པོ་བྱས་ནས། དེས་པཱི་ལི་སེ་ཐན་མི་མང་དང་རྩ་དོན་ལ་ཕན་ཐོགས་ཀྱི་མེད་པ་དང་། དེ་ལས་ལྡོག་སྟེ་གྲོས་མཐུན་དེས་ཨི་ཛེ་རིལ་གྱིས་ཁྲིམས་འགལ་ཐོག་ནས་པཱེ་ལི་སེ་ཐན་གྱི་ས་ཁུལ་ལ་བཙན་བཟུང་དང་། པཱི་ལི་སེ་ཐན་མི་མང་གི་ཐོབ་ཐང་འཕྲོག་པར་རྒྱབ་སྐྱོར་དང་སེམས་ཤུགས་སྤོར་གྱི་ཡོད་པ་ཡིན་སྐོར་བརྗོད་འདུག
ཨི་ཛེ་རིལ་གྱི་སྲིད་བློན་ནཱི་ཐན་ཡ་ཧུ་ཡིས། པཱེ་ལི་སེ་ཐན་གྱི་ས་ཁུལ་དུ་ཨེ་ཛི་རིལ་གྱི་བདག་དབང་གསལ་བསྒྲགས་དང་ས་ཁུལ་ཁག་ཅིག་ཏུ་ཡང་བདག་དབང་རྩོད་རྒྱུའི་འཆར་གཞི་དེ་གཏན་དུ་མེད་པ་ཆགས་མེད་སྐོར་དང་། ཨ་རབ་སྤྱི་མཐུན་རྒྱལ་ཁབ་དང་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ། ནུས་ཤུགས། ཆུ། ཁོར་ཡུག་སྲུང་སྐྱོབ་དང་དེ་མིན་གྱི་ལས་དོན་མང་པོ་ཞིག་གི་ཐོག་ཏུ་མཉམ་ལས་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག ད་ལྟའི་ཆར་སྲིད་བློན་ཁོང་ལ་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་ཞིབ་འགྲོ་བཞིན་ཡོད་འདུག་པས། ཞི་བའི་གྲོས་མཐུན་དེས་སྒེར་གྱི་རྣམ་པ་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོང་སྲིད་པ་རེད་འདུག
ད་བར་ཨི་ཛེ་རིལ་གྱིས་ཁ་ཆེ་མང་ཤོས་ཡིན་པའི་རྒྱལ་ཁབ་ཨི་ཇེབ་དང་ཇོར་ཌན་གཉིས་མཉམ་དུ་གྲོས་མཐུན་བཞག་ཡོད་པ་དང་། མཱོ་རི་ཊ་ནི་ཡ་དང་མཉམ་དུ་གྲོས་མཐུན་བཞག་ཀྱང་རྗེས་སུ་ནུས་མེད་བཟོས་ཡོད་འདུག་པས། ཐེངས་འདིར་ཨ་རབ་སྤྱི་མཐུན་རྒྱལ་ཁབ་དང་གྲོས་མཐུན་བཞག་ཐུབ་པ་དེས། མ་འོངས་པར་ཁ་ཆེའི་རྒྱལ་ཁབ་གཞན་དང་འབྲེལ་ལམ་གསར་འཛུགས་ཡོང་བའི་ལམ་སྲོལ་གཏོད་བར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སྲིད་འཛིན་ཊོམ་གྱིས་བརྗོད་འདུག འོན་ཀྱང་གྲོས་མཐུན་དེར་ཁ་ཆེའི་རྒྱལ་ཁབ་ཨི་རན་གྱིས་སྐྱོན་བརྗོད་བྱས་འདུག་པ་དང་། ཨི་ཇེབ་དང་ཇོར་ཌན་རྒྱལ་ཁབ་ཀྱིས་གྲོས་མཐུན་དེར་དགའ་བསུ་ཞུས་འདུག
དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སེ་ཇོན་སོན་གྱིས་དེ་སྔོན་ནས་ཨི་ཛེ་རིལ་གྱིས་པཱི་ལི་སེ་ཐན་གྱི་ས་གནས་ཁག་ཏུ་བཙན་འཛུལ་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་གྲོས་མཐུན་དེ་ལ་བརྟེན་ནས་འཆར་གཞི་དེ་གནས་སྐབས་ཕྱིར་འཐེན་བྱས་ཡོད་པར་བརྟེན། དཀྱིལ་ཤར་ཡུལ་གྲུར་ཞི་བདེ་ཡོང་བའི་གོམས་པ་ཞིག་ཡིན་པས་དགའ་བསུ་ཡོད་སྐོར་བསྒྲགས་འདུག
གྲོས་མཐུན་དེ་ལ་བརྟེན་ནས་འབྲེལ་ཡོད་རྒྱལ་ཁབ་གཉིས་ལ་དཔལ་འབྱོར་སོགས་ཀྱི་ཁེ་ཕན་དང་། བར་གནས་ཐོག་མཐུན་སྦྱོར་བྱེད་མཁན་ཊོམ་སྲིད་གཞུང་ལ་འོས་བསྡུ་དང་འབྲེལ་ནས་ཁེ་ཕན་ཏོག་ཙམ་ཐོབ་སྲིད་པ་རེད་འདུག་ཀྱང་། པཱི་ལི་སེ་ཐན་གྱི་གནད་དོན་སེལ་ཐུབ་མེད་ཁར། གྲོས་མཐུན་དེ་དངོས་སུ་ལག་བསྟར་གང་འདྲ་འགྲོ་མིན་དང་དུས་ཡུན་ག་ཚོད་གནས་མིན་ཡང་བརྗོད་དཀའ་བ་ཡིན་འདུག། དེ་བཞི་དེ་ལ་བརྟེན་ནས་ཁ་ཆེའི་རྒྱལ་ཁབ་གཞན་ཚོ་དང་ཨི་ཛེ་རིལ་ཐག་ཉེ་རུ་འགྲོ་སྲིད་མིན་ཡང་བརྗོད་དཀའ་བ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།